སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། “ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས”བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་དེ་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྤྱིའི་གཟིགས་རྒྱང་རིང་པོ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་འཐབ་ཇུས་ཀྱི་བསམ་གཞིག་མཚོན་པ་མ་ཟད། ང་ཚོས་བློ་བརྟན་འགྱུར་མེད་ངང་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།
རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་དེ་ཉིད་གཙོ་བོ་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གིས་རྒྱལ་ཁབ་གཅིག་གྱུར་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་པ་ལས་མངོན་གྱི་ཡོད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་གནས་བཞིན་ཡོད་པ་མ་ཟད། རང་རྒྱལ་འཕེལ་རྒྱས་ཀྱི་ནང་གི་ཆ་རྐྱེན་དང་ཕྱིའི་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱས་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བ། སྣོད་བཅུད་ལེགས་སུ་འགྲོ་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་དགོས།
“སྤྱི་ཡོངས་གཉིས”ཀྱི་འཐབ་ཇུས་བརྡར་གཅོད་ཀྱི་ལྟེ་བའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། སྤྱི་ཡོངས་གཉིས་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ལྡན་པའི་ལག་ལེན་ཁྲོད། རྒྱལ་བབ་དང་། འཛམ་གླིང་གི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་ཟབ་མོར་གཞི་ཚུགས་ཏེ་འཐབ་ཇུས་ཀྱི་བསམ་གཞིག་དང་། སྤྱི་ཡོངས་ཀྱི་གཟིགས་རྒྱང་། གོ་ལ་ཧྲིལ་པོའི་གཟིགས་རྒྱང་། སྤྱི་འདོམས་འདུ་ཤེས་བཅས་ནས་བཏོན་གནང་བའི་འཐབ་ཇུས་ཀྱི་བརྡར་ཤ་གལ་ཆེན་དང་། དེང་རབས་ཀྲུང་གོའི་བྱ་བ་དོན་གཉེར་གྱི་རྨང་གཞི། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱིས་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་གྱི་འགྲན་སློང་ལས་རྣམ་པར་རྒྱལ་བ། རླབས་ཆེན་འཐབ་རྩོད་བྱེད་པ་བཅས་ཀྱི་སྤྱི་ཁོག་རང་བཞིན་གྱི་ལག་ལེན་གྱི་རྨང་གཞི། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཁོང་དུ་ཆུད་དགོས་པའི་བྱེད་ཐབས་གལ་ཆེན་བཅས་ཡིན་པས། དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་། ལག་ལེན་གྱི་དོན་སྙིང་། མཛུབ་ཁྲིད་ཀྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤྱི་ཡོངས་གཉིས་ལ་ངོས་འཛིན་ཐུབ་པ་དང་། སྤྱི་ཡོངས་གཉིས་བློ་ལ་འཆང་བ། སྤྱི་ཡོངས་གཉིས་ལ་སྤྱི་འདོམས། སྤྱི་ཡོངས་གཉིས་ཡག་པོ་སྤྱོད་པ་བཅས་བྱས་ཏེ། ས་མཐོར་ལངས་ནས་པེ་ཅིང་ལ་རྒྱང་ལྟ་བྱེད་པ་དང་། ཕུགས་འདུན་འཆང་བཞིན་རྒྱང་རིང་ལ་ཕྱོགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་མདུན་ཕྱོགས་སུ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།
རླབས་ཆེན་བསྐྱར་དར་འཐབ་ཇུས་སྤྱི་ཡོངས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་དང་། ཏང་དང་རྒྱལ་ཁབ་ཀྱིས་འབྱུང་འགྱུར་ལ་ཕྱོགས་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ། ཀྲུང་ཧྭའི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འཐབ་དང་འབྱུང་འགྱུར་གཏོད་པར་སྐུལ་ལྕག་བྱེད་པའི་བསམ་པའི་དར་ཆ་བཅས་རེད། “འཐབ་ཇུས་ཀྱི་སྤྱི་ཡོངས”འདིས་ཀྲུང་གོའི་མི་དམངས་ཡོངས་དང་གྲངས་ཉུང་མི་རིགས་56གི་འབད་བརྩོན་མཐའ་དག་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ལ་གཞོལ་དགོས་པ་དང་། སྒྲུབ་པའི་ལས་དོན་ཚང་མ་འཐབ་ཇུས་ཀྱི་སྤྱི་ཡོངས་འདིར་དམིགས་པ་དང་ཞབས་འདེགས་ཞུ་དགོས་པའི་འབོད་སྐུལ་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་གྱི་ལས་དབང་དང་དམ་པོར་འབྲེལ་ཡོད་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་བརྒྱུད་རིམ་ནང་བོད་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཁུར་ཡོད། ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་གནས་བབ་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དང་། དུས་རྟག་ཏུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་ས་མཐོའི་བུ་ཕྲུག་ཁྲི་340ལྷག་ཙམ་གྱི་བརྗིད་ཆེའི་སྟོབས་ཤུགས་དང་གཅིག་སྒྲིལ་བྱས་ནས། འགན་འཁྲི་དང་འོས་འགན་ཆུད་ཟོས་སུ་མི་གཏོང་བར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལམ་དུ་བོད་མི་དམངས་ཀྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས།
འཛམ་གླིང་ལ་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་དོན་དངོས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་མཉམ་སྐྱོད་ཟུང་འབྲེལ་ཐུབ་ནས་བོད་ཀྱི་ལས་དོན་ལ་དུས་བབ་དང་ཁྱད་ཆོས་གསར་པ་མངོན་ཏེ་བོད་ཀྱི་ལས་དོན་ལ་སྔར་འབྱུང་མྱོང་མེད་པའི་གོ་སྐབས་དང་སྔར་འབྱུང་མྱོང་མེད་པའི་འགྲན་སློང་ཕྲད་ཡོད། འོད་སྟོང་འཕྲོ་བའི་མདུན་ལྗོངས་དང་འགྲན་སློང་མཉམ་གནས་དང་། རྒྱལ་ཁ་གལ་ཆེན་དང་རླབས་ཆེན་འཐབ་རྩོད་མཉམ་གནས་ཀྱི་དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ངེས་པར་དུ་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ནས། ཡིད་ཆེས་བརྟན་པོ་དང་། ངེས་ཤུགས་ཆེན་པོ། གོ་སྐབས་ལ་དམ་འཛིན། འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། རང་རྟོགས་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་བསྟུན་སྟེ་དུས་བབ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་མཁས་པོ་བྱས་ནས་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ས་མཐོའི་ངོ་མཚར་མུ་མཐུད་གཏོད་དགོས།
“འགྱུར་ལྡོག་ཆེན་པོའི་ཁྲོད་དཔའ་བོའི་རང་མདངས་མངོན”ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་རིམ་པ་དེ་བས་མཐོ་བ་དང་མཐོང་རྒྱ་དེ་བས་ཆེ་བའི་སྒོ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྐྲུན་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་འབུལ་དགོས།