དབུ་ཤོག>ཆེད་སྒྲིག
  • ཐང་རྒོད་གྲོང་གསར་དུ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-14

    ལོ་46ལ་སླེབས་པའི་བློ་བརྟན་གྱིས་སྒོ་རའི་ནང་འཆམ་འཆམ་བྱེད་བཞིན་པའི་བཟའ་ཟླར་ལྟ་བཞིན། “ག་ལེར་ཤོག བྲེལ་བ་མ་བྱེད”ཅེས་བཤད་པ་དང་། ཁོང་གིས“སྤོས་མ་ཐག་པའི་སྐབས་དང་བསྡུར་ན་ནད་གཞི་དྲག་སྐྱེད་བྱུང་འདུག་པས་སེམས་པ་ཧ་ཅང་དགའ་པོ་འདུག”ཅེས་གསར་འགོད་པར་བཤད།

    འདི་ནི་གསར་འགོད་པས་ཉིན་ཤས་གོང་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོའི་བློ་བརྟན་ཁྱིམ་ནས་མཐོང་བའི་གནས་ཚུལ་ཞིག་རེད། ཚྭ་ཆུ་ཐང་དུ་སྔོན་མ་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བས་མི་རྣམས་ཀྱིས“འབྲི་གཡག་ཀྱང་འཚོ་མི་ཐུབ”ཅེས་བརྗོད་ཀྱི་ཡོད། ད་ཆ་གནས་དེ་བདེ་སྐྱིད་ལྡན་པའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།

    བློ་བརྟན་གྱི་ཕ་ཡུལ་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གྲོ་བ་ཤང་ནས་ཡིན་པ་དང་། ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་ཅིང་། གསོ་རླུང་དཀོན་པ་དང་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ་དང་། རང་བྱུང་ཆ་རྐྱེན་ཞན་པས་བློ་བརྟན་གྱི་བཟའ་ཟླ་བདེ་སྐྱིད་ལ་གྲུམ་ནད་ཕོག་ནས་རིམ་བཞིན་ངལ་རྩོལ་བྱེད་མི་ཐུབ་པར་གྱུར།

    2011ལོར་བདེ་སྐྱིད་ཀྱི་ནད་གཞི་ཇེ་ལོད་དུ་སོང་ནས་ཉལ་སར་ལུས། བློ་བརྟན་གྱིས་བཟའ་ཟླའི་ནད་བཅོས་ཆེད། ཁྱིམ་གྱི་ལུག་བཙོངས་ནས་ལྷ་སར་སྨན་བཅོས་བྱེད་པར་བསྐྱོད་ཀྱང་ནད་གཞི་དྲག་སྐྱེད་མ་བྱུང་བ་མ་ཟད། འཚོ་བའི་དཀའ་ངལ་དེ་བས་ཆེ་རུ་ཕྱིན་ཏེ། ལོ་དེར་དུད་ཚང་དབུལ་པོར་གྱུར་བ་རེད།

    ཞིང་འབྲོག་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་དང་འདྲ་བའི་ས་བབ་མཐོ་སར་འཚོ་སྡོད་བྱེད་མཁན་གྱི་ཁྱིམ་ཚང་གཅིག་སྡུད་ཐོག་ས་བབ་དམའ་བ་དང་ས་འོག་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡངས་པ་ཅན་དུ་གནས་སྤོ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ། གསོ་རིག་རིགས་གཅིག་མཁས་ཅན་ཚོགས་པ་གྲོང་སྡོད་བྱས་ནས་ནད་གཞི་ཕོག་མཁན་གྲོང་མིར་སྨན་བཅོས་བྱས་པ་རེད།

    ཚྭ་ཆུ་ཐང་གྲོང་ཚོའི་ཧྲུའུ་ཅི་དང་པོ་བདེ་སྐྱིད་ཀྱིས“2017ལོའི་དུས་ཐེངས་དང་པོར་དུད་ཚང་150དང་མི་683གནས་སྤོ་བྱས་པའི་ནང་། གྲུམ་ནད་ཕོག་མཁན་མི་204ཡོད། ལོ་དེར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་པོ་བཏང་བ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཀྱང་དེ་གར་གྲུམ་ནད་འགོག་བཅོས་ཞིབ་འཇུག་ཡངས་པ་ཅན་རྟེན་གཞི་བཙུགས་ནས་གནས་སྤོས་མང་ཚོགས་ལ་སྨན་བཅོས་བྱས་པ་རེད་ཅེས་བཤད།

    གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག བདེ་སྐྱིད་པེ་ཅིང་དུ་ཐེངས་གཉིས་བསྐྱོད་ནས་དཔྱི་ཚིགས་གཤགས་བཅོས་བྱས་པ་དང་རྒྱུན་དུ་ལུམས་བརྒྱབ་ནས་སྨན་བཅོས་བྱེད་ཀྱི་ཡོད་པས། ད་ཆ་གོམ་པ་སྤོ་ཐུབ་ཙམ་ཡོད་པ་རེད། བདེ་སྐྱིད་ཀྱིས“རྒྱུན་དུ་ང་སྒོ་རའི་ནང་འཆམ་འཆམ་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ནད་གཞི་དྲག་སྐྱེད་ཡོང་རྒྱུར་ཕན་སྲིད་ཅེས་སྨན་པས་བཤད་བྱུང”ཞེས་བཤད།

    འདི་ལོའི་ཟླ་དང་པོར་ཚྭ་ཆུ་ཐང་གྲོང་ཚོར་སླེབས་པའི་ཟླ་བ་ཚེ་རིང་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཞིག་རེད། ཁོང་གིས་གསར་འགོད་པར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་2017ལོར་གྲོང་སྡོད་ལས་དོན་རུ་ཁག་མངགས་ཚུན། སྔ་རྗེས་སུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་7བརྟག་དཔྱད་ཐུབ་པ་དང་། བྱིས་པ་5པེ་ཅིང་དུ་ཁྲིད་ནས་གཤགས་བཅོས་བྱས་པ་རེད། ད་དུང་བྱིས་པ་གཉིས་གཤགས་བཅོས་ཀྱི་བླང་བྱ་དང་མི་འཚམ་པས་ལྟ་ཞིབ་བྱེད་སྒང་རེད་ཅེས་བརྗོད།

    གཞན་ཡང་། གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་སྒལ་ཚིགས་ནད་སོགས་བརྟག་དཔྱད་བྱས་ནས་སྨན་བཅོས་བྱས་ཏེ་གྲོང་མིའི་བདེ་ཐང་འགན་ལེན་བྱས་པ་རེད།

    ནད་གཞི་དུས་ཐོག་ཏུ་སྨན་བཅོས་བྱས་པ་ཕུད། གྲོང་མི་ཚོའི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་ཞིང་། ད་ཕན་ལོ་ཤས་རིང་། ཚྭ་ཆུ་ཐང་གྲོང་ཚོས་སྔ་རྗེས་སུ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་ལ་མ་དངུལ་བཏང་བ་དང་། ར་ལུག་རྒྱགས་གསོའི་རྟེན་གཞི་གཉེར་བ། འཁལ་འཐག་མཉམ་ལས་ཁང་བཙུགས་པ་བཅས་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་དབང་གྲགས་སྔོན་མ་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཚྭ་ཆུ་ཐང་གྲོང་ཚོར་སྤོས་རྗེས། ཁོང་གིས་གྲོང་ཚོའི་བུ་བཅོལ་ཁང་གི་བདེ་སྲུང་བ་བྱས་པ་དང་བཟའ་ཟླས་ཀྱང་གྲོང་ཚོའི་མཉམ་ལས་ཁང་དུ་ལས་ཀ་བྱས་ནས་བལ་གདན་སོགས་འཐག་གི་ཡོད།

    “ད་ཆ་གང་མཁོ་གང་དགོས་ཡོད། རེ་བ་ཆེ་ཤོས་ནི་ནང་མི་གཟུགས་པོ་ཐང་པོ་དང་འཚོ་བ་སྤྲོ་སྣང་ལྡན་པ་ཞིག་སྐྱེལ་རྒྱུ་དེ་ཡིན”ཞེས་དབང་གྲགས་ཀྱིས་བཤད།

    ཚྭ་ཆུ་ཐང་གྲོང་ཚོར་སྐྱོད་སྐབས་བོད་བཟོའི་སྡོད་ཁང་གྲལ་སྟར་སྒྲིག་པ་དང་འགྲོ་ལམ་ཡང་གཙང་སྦྲ་ལྡན་པ་ཞིག་འདུག གྲོང་ཚོའི་ནང་དུ་ཡངས་ཤིང་དཀར་ཆ་དོད་པའི་སྡོད་ཁང་ཡོད་ལ་ཆུ་ཚན་ཡང་ཡོད་པས་གྲོང་མིའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།