ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་བཏང་། ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོ་ཆགས།
ཟླ་དྲུག་པའི་ཟླ་མཇུག་ཏུ་སྔོ་ཐིང་ཐིང་གི་རྩྭ་ཐང་བརྒྱུད་དཔལ་མགོན་རྫོང་སྤོ་ཆེ་ཤང་ནས་ནུབ་ངོས་སུ་སྤྱི་ལེ་12ཙམ་བསྐྱོད་རྗེས་གསར་འགོད་པ་དང་བཅས་པ་གནམ་མཚོའི་འགྲམ་གྱི་རག་འཐག་གྲོང་ཚོར་འབྱོར། དེ་གར་བུ་བཅོལ་ཁང་དང་། སྨན་བཅོས་ཁང་། ལྟ་ཀློག་ཁང་སོགས་སྒྲིག་ཆས་ཆ་ཚང་པོ་ཡོད་པ་དང་གྲོང་མིས་དགའ་ཚོར་ཆེན་པོས་ཐོན་སྐྱེད་ལས་ལ་གཞོལ་བཞིན་པའི་རྣམ་པ་ལས་ང་ཚོར་གྲོང་ཚོ་དེའི་གསོན་ཤུགས་དང་སྐྱེ་སྟོབས་ཟབ་མོ་ཚོར་སྣང་བྱུང་།
“གཞི་རིམ་ཧྲུའུ་ཅིས”དབུལ་སྒྲོལ་ལ་དམ་འཛིན་བྱེད་པའི་བླང་བྱ་གཞིར་བཟུང་སྤོ་ཆེ་ཤང་རག་འཐག་གྲོང་ཚོས“དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་བྱས་ནས་ཏང་འཛུགས་སྐྱོང་བྱེད་པ་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི”བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གྲོང་ཚོ་ཏང་ཀྲི་པུའི་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། ནུས་པ་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ་དང་གྲོང་ཚོ་ཏང་ཀྲི་པུའུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོའི“བཀོད་འདོམས་པུའུ”རུ་གྱུར་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་མཉམ་འདྲེས་ནུས་ལྡན་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
2017ལོར་རག་འཐག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་24ཡི་མི་94དབུལ་སྒྲོལ་ཐུབ་ནས་དཔལ་མགོན་རྫོང་སྤྱི་ཡོངས་ཀྱི་དབུལ་སྒྲོལ་དང་བསྡུར་ན་ལོ་གཅིག་སྔ་སྣུར་ཐུབ་ཡོད། 2018ལོར“གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”འཕེལ་རྒྱས་བཏང་བ་བརྒྱུད། “མི་རྩྭ་ཕྱུགས”གསུམ་གྲོང་ཚོ་ཧྲིལ་པོའི་མ་རྐང་ལ་འཇོག་རྒྱུ་མངོན་འགྱུར་བྱུང་བས། གྲོང་ཚོའི་མཉམ་སྡེབ་ཀྱི་ཁེ་གཙང་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་པ་དང་། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་སྒོར་ཁྲི་60ལྷག་ཙམ་བགོ་འགྲེམས་བརྒྱབ་པ། དེའི་ནང་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་4455ལྷག་ཙམ་ཟིན་ཡོད་པ་དང་། 2019ལོར་གྲོང་ཚོའི་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་བགོ་འགྲེམས་སྒོར་9000ལྷག་ཙམ་ཟིན་ཡོད་པ་རེད།
རག་འཐག་གྲོང་ཚོར་སྔ་རྗེས་སུ“ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུཌ”དང“ལྗོངས་ཡོངས་ཀྱི་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་འཛུགས་གཏོད་བྱེད་སྒོའི་སྔོན་ཐོན་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་72ཐོབ་པ་དང་རྩྭ་ཐང་ཐོག་གི་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་གཏོང་བའི“དམངས་འཚོའི་སྦྲེལ་ཟམ”ལྟ་བུར་གྱུར་ཡོད།
ཏང་དར་མཐོན་པོར་བསྒྲེང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ།
གྲོང་ཚོའི“ཨུ་ལྷན་གཉིས”འཛུགས་སྐྱོང་ཁྲོད་རག་འཐག་གྲོང་ཚོས་མང་ཚོགས་ཀྱིས་གླེང་མང་བའི“མི་འཚོལ་དཀའ་བ་དང་། ལས་དོན་སྒྲུབ་དཀའ་བ། གནས་ཚུལ་མི་རྟོགས་པ”སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྔ་རྗེས་སུ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་ལག་བསྟར་བྱས་པ་རེད། གཟའ་འཁོར་རེར་ཏང་ཡོན་ཚང་མས་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། དབུལ་སྒྲོལ་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་མཉམ་སྡེབ་ཐོག་སློབ་སྦྱོང་བྱས་ནས་ཏང་ཡོན་ལས་བྱེད་པའི་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་འོས་འགན་སློབ་གསོར་དམ་འཛིན་དང་། ཚན་རིག་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་བ་སོགས་ཀྱི་བླང་བྱ་བཏོན་པས་མང་ཚོགས་ཁྲོད་གདེང་འཇོག་བཟང་པོ་ཐོབ་པ་དང་གདོང་ལེན་པའི་གཟུགས་བརྙན་བཟང་པོ་བཏོད་པ་རེད།
བུད་མེད་འཐུས་ཚོགས་ཀྱི་ཁོངས་མིའི་ནུས་པ་བཏོན་ནས“གཅེས་སེམས་ཞབས་ཞུའི་རུ་ཁག”བཙུགས་ཏེ་ཟླ་རེར་དུས་བཀག་ཐོག་མང་ཚོགས་ཀྱི་ཁྱིམ་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཤེས་བྱ། ཏང་གི་དམངས་ཕན་སྲིད་ཇུས། བདེ་ཐང་གི་རྒྱུན་ཤེས་བཅས་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་། མི་ཧྲེང་རྒན་རྒོན་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ཏེ་ཁོང་ཚོར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་མང་ཚོགས་ཀྱི“སྒྲོག་འགྲེལ་རུ་ཁག”དང“ཞབས་ཞུའི་རུ་ཁག”ལ་གྱུར་པ་བྱེད་ཀྱི་ཡོད།
ཤང་ཏང་ཨུད་ཀྱིས་བཏོན་པའི་འབྲོག་པ་ཏང་ཡོན་བརྒྱ་ཡིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཆ་སྒྲིག་གཉེན་འཚོལ་བྱེད་པའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རག་འཐག་གྲོང་ཚོའི་ཏང་ཡོན་22དང་དུད་ཚང་དབུལ་པོ་24ཡི་དབར“གཅིག་གཏད་གཅིག”གི་རོགས་སྐྱོར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་དུད་ཚང་དབུལ་པོར་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་དང་། དུད་ཚང་དབུལ་པོའི་ངལ་ནུས་ཕྱིར་གཏོང་ལ་སྐུལ་འདེད་བཏང་སྟེ་རང་འགུལ་ངང་དབུལ་སྒྲོལ་ཐུབ་པར་བྱས་ཡོད། ཏང་དར་བསྒྲེང་འགོ་ཚུགས་པ་དང་། བྱེད་སྒོ་སྤེལ་འགོ་ཚུགས་པ། ཏང་ཡོན་གྱིས་ལས་དོན་སྤེལ་འགོ་ཚུགས་པ། དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་འགོ་ཚུགས་པ། གཟུགས་བརྙན་གཏོད་འགོ་ཚུགས་པ། བྱ་བཟང་སྒྲུབ་འགོ་ཚུགས་པ་བཅས་ཀྱི“འགོ་ཚུགས་པ་དྲུག”གི་བྱེད་སྒོ་ཏན་ཏིག་སྤེལ་ཏེ་མང་ཚོགས་དབུལ་པོར་འབྲེལ་ཡོད་ཀྱི་རྩལ་ནུས་གསོ་སྦྱོང་དང་མ་དངུལ་དང་དངོས་པོ་སྤྲད་ནས་རོགས་རམ་བྱས་ཏེ་མང་ཚོགས་དབུལ་པོས་གཞི་རིམ་ཏང་རྩ་འཛུགས་ལ་ཡིད་ཆེས་ཡོད་པ་དང་འབྱུང་འགྱུར་ལ་རེ་བས་ཁེངས་པར་བྱས་པ་རེད།
གྲོང་མི་བཀྲ་རྒྱལ་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས“གྲོང་ཚོའི་ལས་བྱེད་པས་ང་ཚོ་ཕྱུག་པོ་ཆགས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱ་ཆེད་དངོས་དངོས་རྗེན་རྗེན་གྱི་ལས་ཀ་མང་པོ་བྱས་ཡོད། ང་ཚོ་ད་ལྟ་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་ཞེས་བརྗོད་ཆོག”ཅེས་བཤད།
ཏང་ཡོན་གྱིས་སྣེ་ཁྲིད་བྱེད། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་པ།
དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་གྱི་གྲོང་ཚོ་གཉིས་པའི་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཀུན་རིག་དང་བཟའ་ཟླ་དགའ་གཡང་1997ལོར་རག་འཐག་གྲོང་ཚོར་སྤོས།
རག་འཐག་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་བར་བརྟེན་སྤྱང་གྲུང་དོད་པའི་ཀུན་རིག་གིས་ལོ་བཅུ་ལྷག་ཙམ་སྐྱེལ་འདྲེན་ལས་ལ་ཞུགས་པས་ཡོང་འབབ་མང་པོ་བྱུང་ཡོད།
ཕྱུག་པོ་ཆགས་རྗེས་ཀྱི་ཀུན་རིག་གིས་ཡུལ་མི་དབུལ་པོ་བརྗེད་མེད་པར། ཁོང་གིས་སྔ་རྗེས་སུ་མ་དངུལ་ཐེངས་མང་བཏོན་ནས་དབུལ་སྐྱོར་དཀའ་སེལ་བྱས་པ་དང་དེའི་དོན་དུ་ད་དུང་རང་ཁྱིམ་གྱི་རླངས་འཁོར་ཡང་བཙོངས་ཏེ་མང་ཚོགས་ཀྱི་ལས་ཀ་རང་ཉིད་ཀྱི་ལས་ཀར་བརྩིས་ཏེ་ལྷག་བསམ་རྣམ་དག་ངང་སྒྲུབ་ཀྱི་ཡོད་པ་རེད། རྗེས་སུ་ཁོང་ཏང་ནང་ཞུགས་པ་དང་2008ལོར་གྲོང་མིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས།
ཀུན་རིག་གི་སྣེ་ཁྲིད་འོག་གྲོང་ཚོའི་མང་ཚོགས་ཀྱི་ཟ་གོས་སྡོད་གསུམ་དང་ཤེས་དཔལ་གོམས་སྲོལ་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད། གྲོང་ཚོའི་མཉམ་སྡེབ་རྒྱུ་ནོར་2005ལོའི་སྒོར་720ནས་ད་ལྟའི་སྒོར་ཁྲི་800ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཀུན་རིག་ཀྱང་མང་ཚོགས་ཀྱི་སེམས་ནང་གི་བློས་འཁེལ་བའི་ཧྲུའུ་ཅི་བཟང་པོར་གྱུར་པ་དང་ཁོང་མི་སྒེར་ལའང“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཕུལ་བྱུང་སྒྲོག་འགྲེལ་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུན་རིག་གིས་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་ཧུར་ཐག་བཏོན་ཏེ་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སེམས་ནུས་ཡོད་རྒུ་བཏོན་ཡོད།
དཔལ་འབྱོར་འཕེལ་རྒྱས་བཏང་། མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་བྱུང་བ།
དངུལ་དང་དངོས་པོ་སྤྲོད་པ་ལས་ཏང་ཀྲི་པུའུ་ཡག་པོ་ཞིག་ཡོད་པ་དགའ། “2014ལོའི་གོང་རག་འཐག་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཚན་ཁག་གི་དོ་དམ་ཟང་ཟིང་དུ་གྱུར་ནས་ལས་རྗེས་གང་ཡང་ཐོན་མེད། ཚན་ཁག་གི་ཁོངས་མི་འགའ་ཤས་ལ་གྲོང་ཚོའི་ནང་སྤུན་མཆེད་མང་བ་མ་ཟད་ལས་ཀའི་ཁྲོད་ཕྱོགས་ཞེན་ཆེ་བས་གཞི་རིམ་རྩ་འཛུགས་ཀྱིས་འདོན་དགོས་པའི་ནུས་པ་བཏོན་ཐུབ་མེད་པར་མང་ཚོགས་ཀྱི་ལབ་རྒྱུ་གཏམ་རྒྱུ་མང་པོ་བྱུང་ཡོད”རག་འཐག་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྐལ་བཟང་ཕུན་ཚོགས་ཀྱིས། “ད་ཆ་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ཁོངས་མིའི་གྲུབ་ཆ་དང་། རིག་གནས་ཀྱི་ཆུ་ཚད། ཕོ་མོའི་གྲུབ་ཆ་བཅས་ཚང་མར་ལེགས་བཅོས་བྱུང་བ་དང་། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ལས་ཀའི་སྒྲིག་སྲོལ་དང་འབྲེལ་ཡོད་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་སོང་ནས་ལས་དོན་ཁག་གོ་རིམ་ལྡན་ལ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྣམ་པ་གསར་རྐྱང་དུ་གྱུར་ནས་མང་ཚོགས་ཀྱིས་ང་ཚོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད།
གྲོང་མི་འཇམ་དཔལ་གྱིས“ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་གྲོང་ཚོའི་ལས་བྱེད་པའི་རོགས་རམ་མེད་ན། ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ག་ལ་སྲིད། དེར་བརྟེན་ང་ཚོས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས”ཞེས་བཤད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་རག་འཐག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས“ཐོན་ལས་ལ་བརྟེན་ནས་གྲོང་ཚོ་འཛུགས་པ་དང་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་པོ་ཆགས་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། དམངས་ཕན་ཞིང་ཕྱུག་གི་ནོར་སྲིད་མ་དངུལ་དམངས་འཚོའི་ཐད་བཏང་སྟེ་སེམས་ནུས་ཡོད་རྒུས་རག་འཐག་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
2016ལོར་རག་འཐག་གྲོང་ཚོས་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་300བཏབ་པར་གཟན་རྩྭ་རྒྱ་མ་ཁྲི་16བྱུང་ནས་གྲོང་མིའི་ཡོང་འབབ་འཕར་བ་མ་ཟད། གྲོང་ཚོ་ཡོངས་ཀྱི་ཕྱུགས་རིགས་ཐོན་ལས་འཕེལ་རྒྱས་ལའང་འགན་ལེན་བྱས་ཡོད་པ་རེད།
2017ལོར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་རྗེས་མཉམ་ལས་ཁང་གིས“མི་རྩྭ་ཕྱུགས་གསུམ”གྲོང་ཚོ་ཧྲིལ་པོའི་མ་རྐང་ནང་འཇུག་རྒྱུ་རིམ་བཞིན་མངོན་འགྱུར་ཐུབ་ཡོད། 2018ལོར་མཉམ་ལས་ཁང་ལ་ཁེ་གཙང་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་བྱུང་ནས་གྲོང་མིར་སྒོར་ཁྲི་60ལྷག་ཙམ་བགོས་པ་རེད།
2018ལོར་ཤང་སྲིད་གཞུང་གིས་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད་རག་འཐག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཡུལ་བབ་དང་བསྟུན་ཏེ་འབྲི་གཡག་མགོ་གྲངས་2000དང་། ལུག་3800 མ་དངུལ་སྒོར་ཁྲི་676ལྷག་ཙམ་བཅས་གྲབས་གསོག་བྱས་ཏེ་སྤོ་ཆེ་ཤང་རག་འཐག་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད།
མིག་སྔར་རག་འཐག་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་འོག་མཉམ་ལས་ཁང་གི་རིམ་པ་རིམ་བཞིན་མཐོ་རུ་ཕྱིན་པ་དང་། ཞབས་ཞུའི་ནང་དོན་རིམ་བཞིན་རྒྱ་ཆེར་ཕྱིན་པ། མཉམ་ལས་ཀྱི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་ཕྱིན་པ། ནང་ངོས་ཀྱི་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཅན་གྱི་ཚད་གཞི་དང་ཁྲོམ་ར་ཅན་གྱི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་བྱུང་ནས། “རྩ་འཛུགས་ཤིག་འཛུགས་པ་དང་། ཐོན་ལས་ཤིག་དར་རྒྱས་གཏོང་བ། ཕྱོགས་གཅིག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་པ”བཅས་ཀྱི་ཕན་འབྲས་བཟང་པོ་དངོས་འབྲེལ་ཐོན་ཡོད་པ་རེད། 2019ལོར་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་བགོ་འགྲེམས་སྒོར་9000ལྷག་ཙམ་ཟིན་ནས་རག་འཐག་གྲོང་ཚོའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་སྐྱོད་ཐུབ་པ་བྱུང་ཡོད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣