དབུ་ཤོག>ཆེད་སྒྲིག
  • འཆི་མེད་དབང་མོའི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-11

    ཚོན་མདོག་རྣམ་པར་བཀྲ་བའི་བོད་ཆས་ནི་ལྷ་སའི་ཁྲོམ་གཞུང་གི་ངོ་མཚར་མཛེས་ལྗོངས་ཤིག་ཡིན་པ་དང་ད་ཆ་བོད་ཆས་ཚོང་ཁང་མང་པོས་རང་འདོད་མངགས་བཟོའི་དགོས་མཁོ་གཞིར་བཟུང་བོད་ཆས་འཚེམ་གྱི་ཡོད། ལྷ་ས་དང་བར་ཐག་ཅུང་རིང་བའི་འདམ་གཞུང་རྫོང་གྲོང་དུའང་རང་འདོད་མངགས་བཟོའི་བོད་ཆས་ཚོང་ཁང་ཞིག་ཡོད་པ་སྟེ། འདམ་གཞུང་རྫོང་གངས་དཀར་འབྲོག་མོ་མི་རིགས་གྱོན་ཆས་འཚེམ་བཟོ་ཆེད་ལས་མཉམ་ལས་ཁང་དེ་ཡིན་ཞིང་། མཉམ་ལས་ཁང་གི་འགན་འཁུར་བ་འཆི་མེད་དབང་མོ་ནི་ཡུལ་དེའི་བུད་མེད་དཀྱུས་མ་ཞིག་རེད།

    “ཐེངས་ཤིག་ངས་རྫོང་གྲོང་གི་བོད་ཆས་ཚོང་ཁང་ལ་སྐོར་བ་ཉིན་གཅིག་བརྒྱབ་ཀྱང་རང་ཉིད་གཟུགས་སྟོབས་ཆུང་བས་བོད་ཆས་འཚམ་པོ་ཞིག་རག་མ་བྱུང”དེར་བརྟེན་བོད་ཆས་ཚོང་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར། འཆི་མེད་དབང་མོས་གསར་འགོད་པར་སྐབས་དེ་དུས་རྫོང་གྲོང་བོད་ཆས་ཚོང་ཁང་དུ་བཙེམས་ཟིན་པའི་བོད་ཆས་ལས་མེད་པ་དང་གཟུགས་པོར་ཚད་བརྒྱབ་ནས་བཟོ་མཁན་མེད་ཅེས་བཤད། ཟླ་ཤས་རིང་འཆི་མེད་དབང་མོས་ཉེ་འཁོར་གྱི་ཤང་གྲོང་འགའ་ཞིག་ལ་བསྐྱོད་ནས་ལྟ་སྐབས་བོད་ཆས་ཀྱི་ཆེ་ཆུང་མི་འཚམ་པ་དང་། རས་ཀྱི་རྒྱུ་ཆ་དང་སྣ་ཁ་ཉུང་བ་ཤེས་པས། མཁོ་མཁན་གྱི་དགོས་མཁོར་གཞིགས་ནས་བོད་ཆས་འཚེམ་པ་ནི་རང་ཉིད་ཀྱིས་ཚོང་རྒྱག་པའི་གོ་སྐབས་ཤིག་རེད་སྙམ།

    འཆི་མེད་དབང་མོས་ཁོང་གིས་ཤེས་རྟོཌ་བྱུང་བའི་གནས་ཚུལ་དང་བསམ་ཚུལ་ནང་མིར་བཤད་རྗེས་ནང་མིའི་རྒྱབ་སྐྱོར་ཆེན་པོ་ཐོབ། ཁོང་གཅིག་པུ་ལྷ་སར་བསྐྱོད་དེ་དགེ་རྒན་བསྟེན་འགོ་ཚུཌ། འཚེམ་བུ་རྒྱག་པ་དང་། གཟུགས་ཚད་འཇལ་བ། དབུར་ཏི་རྒྱག་པ་སོགས་ལྟ་དུས་ལས་སླ་བའི་ལས་རིམ་དེའི་ཁྲོད་ནས་འཚེམ་བཟོའི་ཤེས་བྱ་མང་པོ་ཞིག་ཤེས་ཐུབ། འཆི་མེད་དབང་མོས་ལོ་གསུམ་རིང་ཁེངས་སྐྱུང་ཆེན་པོས་སློབ་སྦྱོང་བྱས་པ་དང་འབད་བརྩོན་ལྷོད་མེད་བྱས་པས་མཐར་ལག་རྩལ་བྱང་ཆུབ་པར་གྱུར།

    “ལག་པར་ཁབ་ཟུག་པ་དང་མིག་འཁྲུལ་བའི་གནས་ཚུལ་མང་པོ་ཐོན་ཡང་མཐར་གྲུབ་འབྲས་ཐོབ”ལོ་གསུམ་རིང་འཆི་མེད་དབང་མོས་དར་སོ་ཆེ་བའི་བོད་ཆས་བྱང་ཆུབ་པ་འཚེམ་ཐུབ་པ་མ་ཟད། པ་ཕའི་ས་ནས་སྲོལ་རྒྱུན་གྱི་བོད་ཆས་འཚེམ་སྟངས་ཀྱི་ལག་རྩལ་སྦྱངས་པས་ཁོང་གིས་དར་སོ་ཆེ་བའི་བོད་ཆས་འཚེམ་ཐུབ་པ་མ་ཟད། སྲོལ་རྒྱུན་བོད་ཆས་ཀྱང་འཚེམ་ཐུབ་པའི་ཁར། ལག་རྩལ་དེ་གཉིས་ཟུང་འབྲེལ་ཡང་བྱེད་ཐུབ་ཀྱི་ཡོད།

    2014ལོར་འཆི་མེད་དབང་མོ་ཕ་ཡུལ་དུ་ལོག་ནས་སྒོར་ཁྲི་20བཏོན་ཏེ་གངས་ཏི་སེ་བོད་ཆས་ཚོང་ཁང་ཐོ་འགོད་བྱས། དེ་རྗེས་ཁོང་གིས་འདམ་གཞུང་རྫོང་གངས་དཀར་འབྲོག་མོ་མི་རིགས་གྱོན་ཆས་འཚེམ་བཟོ་ཆེད་ལས་མཉམ་ལས་ཁང་དུ་མིང་འགྱུར་བྱས་ནས་གཙོ་བོ་རང་འདོད་མངགས་བཟོའི་བོད་ཆས་འཚེམ་པ་དང་ཕྱིར་ཚོང་བྱེད་ཀྱི་ཡོད། མཉམ་ལས་ཁང་ཚོང་གཉེར་བྱས་ནས་ལོ་5ལྷག་ཙམ་རིང་བོད་ཆས་ཀྱི་བཟོ་ལྟ་དཔེ་གསར་ཆེ་བས་མཁོ་མཁན་གྱི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་ཀྱི་ཡོད་ལ་ཕྱིར་ཚོང་བྱེད་ཚད་ཀྱང་བརྟན་པོའི་ངང་འཕར་ཡོད། ཐོག་མའི་ཟླ་རེར་བོད་ཆས་10ནས་མིག་སྔར་ཆ་སྙོམས་གྱོན་ཆས་5000བཙོངས་ནས་མཉམ་ལས་ཁང་གི་ཡོང་འབབ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་རེད།

    ཕྱུག་པོ་ཆགས་རྗེས་ཀྱི་འཆི་མེད་དབང་མོས་དཀའ་ངལ་ཡོད་པའི་ཡུལ་མིར་རོགས་རམ་བྱེད་རྒྱུ་བརྗེད་མེད། ཁོང་གིས་འཚེམ་བཟོའི་ལག་རྩལ་སྦྱོང་འདོད་པའི་ཡུལ་མི་ཚོར་རིན་མི་དགོས་པར་ལག་རྩལ་མཛུབ་ཁྲིད་བྱས་པ་མ་ཟད། དཀའ་ངལ་ཡོད་པའི་དུད་ཚང་མཉམ་ལས་ཁང་དུ་ལས་ཞུགས་བྱེད་དུ་བཅུག་ཡོད། མཉམ་ལས་ཁང་བཙུགས་ཚུན་རིམ་རྩིས་བྱས་ན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་381སྣེ་ཁྲིད་བྱས་པ་དང་། བགོ་འགྲེམས་སྒོར་ཁྲི་26ལྷག་ཙམ་བརྒྱབ་པ། སྔ་རྗེས་སུ་མི་10ལྷག་ཙམ་ལ་ལས་ཀ་སྤྲད་པ་བཅས་རེད།

    ཡུལ་མི་ཚོའི་ངོས་ནས་ཁོང་ནི“ན་གཞོན་སྦྱིན་བདག”ཅིག་ཡིན་མོད། འོན་ཀྱང་འཆི་མེད་དབང་མོས་རང་ཉིད་སློབ་ཆུང་གི་ཡོན་ཚད་ལས་མེད་པར་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། ཕྲུ་གུ་ཚོའི་སློབ་གསོའི་ལས་དོན་ལ་རོགས་རམ་བྱ་ཆེད། ཁོང་གིས་ལོ་ལྟར་གྱོན་ཆས་ཚོང་ཁང་གི་ཁེ་བཟང་ནས་ངེས་ཅན་ཞིག་བཏོན་ཏེ་མིང་མི་འགོད་པར་སློབ་སྐྱོར་བྱེད་སྒོ་སྤེལ་གྱི་ཡོད། ད་དུང་དུས་ཆེན་འཆར་རིམ་བཞིན་ཁོང་གིས་སློབ་ཕྲུག་ཚོར་དཔེ་ཁུག་དང་ཡིག་ཆས་སོགས་སློབ་སྦྱོང་ཡོ་ཆས་སྤྲོད་ཀྱི་ཡོད།

    “ཕྲུ་གུ་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་ཡུལ་མི་ཚོ་ཕྱུག་འགྱུར་ལམ་བུར་སྣེ་ཁྲིད་ཐུབ་རེ་ཡོད”ཅེས་འཆི་མེད་དབང་མོས་བཤད་པ་དང་ཁོང་གིས་ངའི་བསམ་འདུན་ཆེ་ཤོས་ནི་ཚང་མ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་དེ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།