“ང་ད་ལོ་ལོ་70ལ་སླེབས་གྲབས་ཡོད། སྔོན་མ་ལོ་བཅུ་ཕྲག་འགའ་ཤས་རིང་གྲོང་ཚོའི་ས་ཕྱོགས་གང་དུ་བལྟས་ཀྱང་བཙོག་པ་ཡིན་པས། ད་ལྟ་ནང་ལྟར་གྱི་གཙང་མ་འདི་འདྲ་ཡོང་བ་བསམ་པ་སྣང་བའི་ཡུལ་ལའང་མེད”ཅེས་མཚོ་སྨད་གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོའི་གྲོང་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་དེ་ལྟར་བརྗོད། སྒྲུབ་སྡེ་གྲོང་ཚོའི་འགྱུར་ལྡོག་གླེང་སྐབས་ཁོང་གི་འཛུམ་མདངས་ལས་ད་ཆའི་འཚོ་བར་འདོད་བློ་ཧ་ཅང་ཁེངས་པ་མཚོན་གྱི་འདུག
དེ་སྔ་སྒྲུབ་སྡེ་གྲོང་ཚོའི་ཁང་པ་རྙིང་པ་ཐོག་དཔངས་དམའ་པོ་ཤ་སྟག་ཡིན་པ་དང་། ཁྲོམ་གཞུང་དུ་འཚང་ཁ་དང་བཙོག་ཟིང་ཆེ་བ། བཙོག་ཆུ་གང་སར་འཁྱིལ་བ། གད་སྙིགས་གང་སར་སྤུངས་ནས་འཇོག་པ་སོགས་ཀྱིས་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་གཏན་ནས་མེད།
ད་ཆ་ཐོག་སོ་ཉིས་ལྡན་གྱི་ཁང་པར་སྤོས་པ་དང་། ལམ་ཤར་གཏོང་ཐུབ་པས་རྩེད་ཐང་བར་ལམ་ཐག་ཆུ་ཚོད་གཅིག་ལྷག་ལས་འགོར་གྱི་མེད་པ་དང་། ཆུ་ཤར་གཏོང་ཐུབ་པས་གཙང་སྦྲ་དོད་དུ་སོང་ཡོད་ལ་སྟབས་བདེ་ཆེན་པོ་བྱུང་བ། གློག་ཤར་གཏོང་ཐུབ་པས་གྲོང་ཚོའི་མཚན་མོ་དེ་བས་འོད་སྣང་རྒྱས་པ། དྲ་བ་ཤར་གཏོང་ཐུབ་པས་རྟག་ཏུ་དགའ་ཉེ་སྤུན་མཆེད་དང་བརྙན་ལམ་འབྲེལ་མཐུད་ཐུབ་པ་མ་ཟད། ཕྱི་ལ་མ་དོན་ཀྱང་གནས་ཚུལ་ཚང་མ་ཤེས་ཐུབ་པ་སོགས་སྒྲུབ་སྡེ་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་ཕྱིན་ཡོད།
གྲོང་མི་ཚེ་རིང་ནོར་བུའི་ཁྱིམ་གྱི་སྒོ་ར་ཆེན་པོ་དེ་གད་ཕྱིས་གཙང་མ་བྱས་ནས་འོད་ཐིང་ཐིང་དུ་གྱུར་པ་དང་། མེ་ཤིང་རྣམས་གྱང་ཟུར་དུ་གྲལ་སྟར་འགྲིག་པོས་སྤུངས་པ། སྒོ་རའི་ནང་མེ་ཏོག་དང་རྩྭ་རྩི་ཤིང་གི་དྲི་ཞིམ་ཁྱབ་པས་མི་རྣམས་ལ་སྣང་བ་སྐྱིད་པོ་ཞིག་སྟེར་གྱི་འདུག་ལ། ཁང་པའི་ནང་དུའང་བསྡུ་གསོག་གཙང་མ་ཞིག་བརྒྱབ་འདུག “གྲོང་ཚོ་གཙང་སྦྲ་དོད་པོ་འདི་འདྲ་ཡོད་དུས་ངས་ཀྱང་ཁྱིམ་དུ་གཙང་སྦྲ་ཡག་པོ་ལོས་བྱེད། ད་ཆ་ཁྱིམ་ཚང་དང་ཁྲོམ་གཞུང་ཚང་མ་གཙང་སྦྲ་ལྡན་པས། སེམས་སྐྱིད་པོ་འདུག”ཅེས་ཚེ་རིང་ནོར་བུས་དགོད་བཞིན་དུ་བཤད།
འགྱུར་ལྡོག་སྐོར་གླེང་ན་སྒྲུབ་སྡེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱངས་ཅན་སྒྲོལ་དཀར་གྱིས་གསལ་ཤོས་ཤོད་ཐུབ། ཁོང་གིས“དེ་གོང་མང་ཚོགས་ཚོར་གད་སྙིགས་ཚང་མ་སྒོ་རྩར་བཤོ་བའི་གོམས་གཤིས་ཡོད། གནམ་དྭངས་སྐབས་དེའི་སྟེང་སྦྲང་མ་མང་པོ་འཁོར་བ་དང་ཆར་པ་འབབ་སྐབས་བཙོག་ཆུ་གང་སར་འཁྱིལ་ནས་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་ཇེ་སྡུག་ཇེ་ཞན་རེད། ཁོར་ཡུག་དེ་འདྲའི་ནང་འཚོ་བ་བསྐྱལ་ན་ནད་མི་ན་བ་ག་ལ་སྲིད”ཅེས་བཤད།
འཁོར་ཞག་ལ་སྤུན་མཆེད་འཕྲད་པར་སྐྱོད་སྐབས་དབྱངས་ཅན་སྒྲོལ་དཀར་སྣེ་གདོང་ཆུས་བཙན་ཐང་སྡེ་ཁུལ་གྲོང་ལྷན་དུ་སླེབས་པ་དང་གྲོང་ཚོ་དེ་གཙང་ཞིང་གྲལ་སྟར་འགྲིག་པས་ཁོང་ཧང་སངས། བཙན་ཐང་སྡེ་ཁུལ་གྲོང་ལྷན་ཡང་དེ་སྔ“བཙོག་ཟིང་ཞན་གསུམ”གྱི་ས་ཆ་ཞིག་ཡིན་ཀྱང་། ད་ཆ་གཙང་མ་འདི་འདྲ་ཆགས་དོན་ག་རེ་ཡིན་ནམ། “ས་ཆ་གཞན་དག་ཚང་མ་གཙང་སྦྲ་དོད་པོ་འདི་འདྲར་གྱུར་པས། སྒྲུབ་སྡེ་གྲོང་ཚོ་ཡང་རྗེས་ལུས་ཐེབས་མི་ཉན”སྙམ་པའི་བསམ་བློ་འཁོར།
དབྱངས་ཅན་སྒྲོལ་དཀར་གྱིས་ལམ་སེང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་བསྐོངས་ནས་མཉམ་དུ་ཐབས་ཤེས་བཙལ་བ་དང་། སྒྲུབ་སྡེ་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལ་འགྱུར་ལྡོག་ཇི་ལྟར་གཏོང་དགོས་མིན་དང་། མང་ཚོགས་ཀྱི་གཙང་སྦྲ་འཕྲོད་བསྟེན་གྱི་འདུ་ཤེས“ནང”དང“ཕྱི”གཉིས་ཀར་ཁྱབ་པར་བྱེད་དགོས་མིན་སོགས་ལ་ཞིབ་འཇུག་བྱས་པ་མ་ཟད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་གྲོང་མིའི་ཚོགས་ཆེན་འཚོགས་ནས་སྲིད་ཇུས་དང་། འཕེལ་རྒྱས། འཕྲོད་བསྟེན་བཅས་གསལ་འགྲེལ་བྱས་ཏེ་མང་ཚོགས་རྣམས་ལ་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ལ་ཞུགས་རྒྱུའི་སྐུལ་སློང་རྒྱ་ཁྱབ་བྱས་ཡོད།
དང་ཐོག་ཁོར་ཡུག་བཅོས་སྒྲིག་བྱེད་སྐབས་གྲོང་མི་རེ་ཟུང་གིས་བསམ་ཤེས་མ་ཐུབ་པར་དེ་ནི་ངོ་སོའི་འདུ་འགོད་ཅིག་རེད་སྙམ་བྱས་ཀྱང་། དབྱངས་ཅན་སྒྲོལ་དཀར་གྱིས་དེར་སྣང་བ་མ་བཏང་བར་སྣེ་ཁྲིད་དེ་གད་སྙིགས་གཙང་སེལ་དང་གཙང་སྦྲ་འཕྲོད་བསྟེན་བྱས།
དུས་ཚོད་གང་ཙམ་ཞིག་བཅོས་སྒྲིག་བྱས་རྗེས་གད་སྙིགས་གང་སར་འཕུར་བ་དང་བཙོག་ཆུ་གང་སར་འཁྱིལ་བའི་རྣམ་པ་མཐོང་རྒྱུ་མེད་ཅིང་། དེའི་ཚབ་ཏུ་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་གསེབ་གསར་པ་རེད། “ད་ཆ་གང་སར་གཙང་སྦྲ་ལྡན་པས་གྲོང་ཁྱེར་ནང་འཚོ་བ་སྐྱེལ་བ་ལས་སྐྱིད་པ་འདུག ཁོར་ཡུག་གཙང་མ་འདི་འདྲ་ཡོད་པས། ང་ཚོས་གད་སྙིགས་གང་བྱུང་དབྱུགས་ནུས་ཀྱི་མི་འདུག མི་ལ་ལས་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་མཐོང་སྐབས་ཚང་མས་བཀག་འགོག་བྱེད་ཀྱི་ཡོད”ཅེས་གྲོང་མི་དཀོན་མཆོག་གིས་གསར་འགོད་པར་བཤད།
ད་ཆ་སྒྲུབ་སྡེ་གྲོང་ཚོར་དམངས་སྲོལ་བབ་ཆགས་པ་དང་གྲོང་ཚོའི་ཁོར་ཡུག་གཙང་བ། གྲོང་དོན་དང་ནོར་དོན་ཡོངས་བསྒྲགས། ཁྱིམ་མཚེས་འཆམ་མཐུན། ཡུལ་སྲོལ་ཡ་རབས་བཅས་ལྡན་པས། སྒྱུར་བཀོད་བྱེད་པར་མང་ཚོགས་ཞུགས་དགོས་པ་དང་། འཕེལ་རྒྱས་གཏོང་བར་མང་ཚོགས་ལ་རྟེན་དགོས་པ། འགལ་ཟླ་སེལ་བར་མང་ཚོགས་མེད་ན་མི་འགྲིག་པ་བཅས་ཀྱི་དགའ་འོས་པའི་རྣམ་པ་ཞིག་ཆགས་པ་དང་། “མང་ཚོགས་ཀྱི་དོན་དག་མང་ཚོགས་ཀྱིས་ཐག་གཅོད་པ་དང་གྲོང་ཚོ་ཡོངས་ཀྱི་ལས་དོན་གྲོང་ཚོ་ཡོངས་ཀྱིས་སྒྲུབ་པ”རྒྱུན་གཏན་ཞིག་ཏུ་གྱུར་ཡོད།