“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རྫོང་དེས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་24འཕེལ་རྒྱས་བཏང་བ་ལས་མང་ཚོཌ་དབུལ་པོ་3424ལ་ཡོང་འབབ་སྒོར་ཁྲི་1532.33བྱུང་བ།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས།“གཙོ་བོ་གཅིག་དང་ཕལ་པ་གསུམ”གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་ཏེ་འབྲོག་ལས་ཐོན་ལས་གཙོ་བོར་བྱེད་པ་དང་། ཡུལ་སྐོར་ལས་རིགས་དང་། ཚྭ་འབུའི་ཁྱད་ལྡན་ཐོན་ཁུངས། མྱུར་གྲུབ་རྣམ་གྲངས་བཅས་ཕལ་པར་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་གསོན་ཤུགས་བསྣན་པ་རེད།
མཚོ་གཉིས་རྫོང་གིས་རྩྭ་ར་རྒྱ་ཁྱོན་ཆེ་བ་དང་ཕྱུགས་ཟོག་མགོ་གྲངས་མང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫོང་དང་ཤང་གཅིག་གྱུར་དོ་དམ་གྱི་ཚོགས་པ་རྣམ་པའི“ཤང་རེར་མཉམ་ལས་ཁང་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེའི”འབྲོག་ལས་ཆེད་ལས་མཉམ་ལས་རྩ་འཛུགས་འཛུགས་པར་ཤུགས་སྣོན་བརྒྱབ་པ་རེད། མིག་སྔར་རྫོང་དེ་ཡོངས་ཀྱི་དུད་ཚང་2569ཡི་མི་12970“ཤང་རེར་མཉམ་ལས་ཁང་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེའི”འབྲོག་ལས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་ལ་ཞུགས་ཡོད་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1093དང་མི་4378ཡོད་པ་དང་། མཉམ་ལས་ལ་ཞུགས་ཚད་100%ཟིན་པ། འབྲོག་དུད་གཞན་དག་མཉམ་ལས་ལ་ཞུགས་ཚད་96.5%ཟིན་པ། ཕྱུགས་རིགས་མགོ་གྲངས་ཁྲི་41ལྷག་ཙམ་མ་རྐང་ལ་བཞག་པ་དང་། རྩྭ་ར་མུའུ་ཁྲི་11764ལྷག་ཙམ་མ་རྐང་ལ་བཞག་པ། མ་དངུལ་སྒོར་ཁྲི་781.63མ་རྐང་ལ་བཞག་པ། ངལ་རྩོལ་ནུས་ཤུགས་5046མ་རྐང་ལ་འཛུལ་བ། ཤང་དང་གྲོང་རྡལ་7གྱི“ཤང་རེར་མཉམ་ལས་ཁང་རེའི”ཐོ་འགོད་མ་དངུལ་སྒོར་ཁྲི་6381ཟིན་པ། གྲོང་ཚོ་རིམ་པའི་མཉམ་ལས་རྩ་འཛུགས་31གི་ཐོ་འགོད་མ་དངུལ་སྒོར་ཁྲི་22099ལྷག་ཙམ་ཟིན་ཡོད། གོང་རིམ་གྱིས“ཤང་རེའི་མཉམ་ལས་ཁང་རེར”མ་དངུལ་སྒོར་ཁྲི་300བཏང་བའི་རྨང་གཞིའི་ཐོག རྫོང་རིམ་པའི་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་350དང་རྨང་བརྟན་དམངས་ཕན་གྱི་མ་དངུལ་སྒོར་ཁྲི་1550“ཤང་རེར་མཉམ་ལས་ཁང་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེ”བསྐྲུན་རྒྱུར་སྤྱད་པ། 2013ལོ་ནས་2016ལོའི་བར་གྱི་དབུལ་སྐྱོར་ལྷག་དངུལ་སྒོར་ཁྲི་826.7བསྡུ་སྒྲིལ་བྱས་ཏེ་མི་རེར་ལུག་མགོ་གྲངས་35མ་ཟིན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་སྐྱོར་བྱ་རྒྱུར་སྤྲད་དེ། མཉམ་ལས་རྩ་འཛུགས་ཁྲོད་ཀྱི་དུད་ཚང་དབུལ་པོའི་ཕྱུགས་ཟོག་གི་མ་རྐང་སྔར་བས་མང་དུ་བཏང་ནས་དུད་ཚང་ཕྱུག་པོ་དང་དབུལ་པོའི་ཧེ་བག་དོ་སྙོམས་ཡོང་བ་བྱས་ཡོད། མ་དངུལ་སྒོར་ཁྲི་1380བཏང་ནས་ཚྭ་འབུ་ལས་སྣོན་གྱི་རྣམ་གྲངས་འཛུགས་སྐྲུན་བྱས་པ་དང་། ཚྭ་འབུའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དེང་རབས་ཅན་གྱི་ཚན་ཞིབ་ལག་རྩལ་ནང་འདྲེན་གྱིས་ལས་སྣོན་བྱས་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་དང་ཚྭ་འབུའི་དཔལ་འབྱོར་གྱི་རིན་ཐང་ཆེ་རུ་བཏང་ནས་མང་ཚོགས་ལ་མ་བཅོས་རྒྱུ་ཆའི་ཕྱིར་ཚོང་ཡོང་འབབ་མང་དུ་བཏང་བའི་རྨང་གཞིའི་ཐོག་བགོ་འགྲེམས་སྔར་བས་མང་དུ་གཏོང་རྩིས་ཡོད་པ་རེད། ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རང་བྱུང་དང་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་བོད་སྐྱོར་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་དེ་མཚུངས་ཀྱི་དབུལ་སྐྱོར་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱེད་རྒྱུ་ཡིན་པ་རེད། མ་དངུལ་སྒོར་ཁྲི་10021བཏང་ནས་ཕོ་རོག་གངས་རིའི་འཁྱགས་རོམ་ཡུལ་སྐོར་གསར་སྤེལ་དང་། སྟོད་མ་ཤང་གི་ཡུལ་སྐོར་སྣེ་ལེན་ལྟེ་གནས། མཚོ་སྦྲེལ་མ་གྲོང་རྡལ་གྱི་ཡུལ་སྐོར་སྣེ་ལེན་ལྟེ་གནས། ཡུལ་སྐོར་རྐང་ཐང་ཁྲོམ་གཞུང་བཅས་འཛུགས་སྐྲུན་རྣམ་གྲངས་4ལག་ལེན་བསྟར་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1251དབུལ་སྒྲོལ་བྱེད་རྩིས་ཡོད་པ་རེད།