“མི་ཚེ་འདིར་ཁང་པ་སྐྱིད་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་མཚོ་སྨད་རྫོང་གནས་བཞི་ཤང་འཇའ་རྫ་གྲོང་ཚོ་ནས་གོང་དཀར་རྫོང་འཕྲེང་སྒོ་ཤང་གི་དབུལ་སྐྱོར་ས་ཚིགས་སུ་སྤོས་རྗེས་ཚེ་དབང་རྡོ་རྗེས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།
ཚེ་དབང་རྡོ་རྗེ་འདི་ལོ་ལོ་77ལ་སླེབས་པ་དང་། དཀའ་སྡུག་སྣ་ཚོགས་མྱངས་པའི་ཁོང་གིས་བོད་རྙིང་པ་དང་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པ་གཉིས་ཀ་བརྒྱུད་མྱོང་ཡོད། ཁོང་གིས“གུང་ཁྲན་ཏང་གིས་ང་ཚོར་ཡར་ལངས་བཅིངས་འགྲོལ་བཏང་ནས་རང་ཁྱིམ་རང་བདག་བྱུང་བ་མ་ཟད། ང་ཚོ་དབུལ་ཕོངས་གནས་ལས་བསྐྱབས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད”ཅེས་བཤད།
གོང་དཀར་རྫོང་འཕྲེང་སྒོ་ཤང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ནི་ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ཐོག་འཛུགས་སྐྲུན་བྱས་པའི་དབུལ་སྐྱོར་རྣམ་གྲངས་ཤིག་རེད། རྣམ་གྲངས་བསྐྲུན་རྗེས་གྲ་ནང་རྫོང་དང་། གོང་དཀར་རྫོང་། ཟངས་རི་རྫོང་། མཚོ་སྨད་རྫོང་། ཆུ་གསུམ་རྫོང་། ལྷུན་རྩེ་རྫོང་། སྣ་དཀར་རྩེ་རྫོང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ས་ངན་ཡུག་ཁུལ་བཅས་ཀྱི་དུད་ཚང་107གྱི་མི་407དེ་གར་སྤོས་ཡོད།
གོང་དཀར་རྫོང་འཕྲེང་སྒོ་ཤང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་གཙང་ཞིང་ཁོད་སྙོམས་པའི་ཨར་འདམ་ལམ་བུ་དང་། གྲལ་བསྟར་འགྲིག་པའི་ཉི་ནུས་ལམ་སྒྲོན། ཡངས་ཤིང་རྒྱ་ཆེ་བའི་བོད་བཟོའི་སྒོ་ར་བཅས་ལས་མི་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་ཡིད་དབང་འཕྲོག་ཤུགས་ལྷམ་མེར་ཚོར་ཐུབ།
ཚེ་དབང་རྡོ་རྗེས་གསར་འགོད་པར་ཁོང་དེ་སྔ་སྡོད་སའི་མཚོ་སྨད་རྫོང་གནས་བཞི་ཤང་འཇའ་རྫ་གྲོང་ཚོ་ནས་རྫོང་གྲོང་བར་ལམ་ཐག་སྤྱི་ལེ་60ཡོད་པ་དང་། ཤང་སྲིད་གཞུང་གནས་ས་དང་ལམ་ཐག་སྤྱི་ལེ་45ཡོད། དེ་གར་ས་བབ་མཐོ་ཚད་སྨི་4500ཟིན་ཞིང་། མཐོ་གྲང་ས་ཁུལ་ཡིན་པས་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་ཅེས་བཤད།
རི་མཐོ་ལ་ལམ་ཐག་རིང་བས་ཚེ་དབང་རྡོ་རྗེ་སྐབས་ཤིག་རིང་འཚོ་བར་རེ་ཐག་ཆད་མྱོང་ཡོད། འོན་ཀྱང་ཡུལ་དེའི་ལས་བྱེད་པས་ཁོང་ལ་གནས་སྤོས་ཀྱི་སྐུལ་སློང་བྱེད་སྐབས་ཁོང་གིས་ད་དུང་བྲལ་མི་ཕོད་པ་བྱེད་ཀྱི་ཡོད། “ངས་མི་ཚེ་འདི་ཧ་ལམ་འདི་གར་བསྐྱལ་བས། ད་དུང་ག་ཚོད་སྡོད་རྒྱུ་ཡོད་དམ”ཞེས་ཚེ་དབང་རྡོ་རྗེས་ཁོང་ལ་ཁ་ཏ་བྱེད་པར་ཡོང་བའི་ཤང་གི་ལས་བྱེད་པར་དེ་ལྟར་བཤད།
གོང་དཀར་རྫོང་འཕྲེང་སྒོ་ཤང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་ཚེ་དབང་རྡོ་རྗེའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། “འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་ཡོད་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། ངས་ཕྲུ་གུ་ཚོར་ཏང་གི་བཀའ་ལ་ཉན་དགོས་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་བཏང་སྟེ་འཚོ་བ་ཡག་པོ་སྐྱེལ་དགོས་པའི་སློབ་གསོ་རྒྱག་ངེས་ཡིན”ཞེས་ཚེ་དབང་རྡོ་རྗེས་བཤད་པ་དང་། ཁོང་གིས“སྔོན་མ་སྐྱོ་པོ་ཆགས་དོན་གཙོ་བོ་ནི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་མཐོང་རྒྱ་་མེད་པས་འཚོ་བ་ཇི་འདྲ་སྐྱེལ་དགོས་མིན་མ་ཤེས་པས་རེད”ཅེས་བཤད།
གསར་འགོད་པས་གོང་དཀར་རྫོང་འཕྲེང་སྒོ་ཤང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་ཁང་པ་རྩེ་གྲ་བརྒྱབ་ཡོད་པ་མ་ཟད། ཐོན་ལས་རྣམ་གྲངས་ཀྱང་འཆར་འགོད་ཡག་པོ་བྱས་ཡོད་པས་གནས་སྤོས་མང་ཚོགས་ཚོའི་འབྱུང་འགྱུར་ལ་རེ་བས་ཁེངས་པ་མཐོང་བྱུང་།