དབུ་ཤོག>ཆེད་སྒྲིག
  • གྲོང་མི་གཅིག་ཀྱང་མ་ལུས་པར་འབྱོར་འབྲིང་ལམ་དུ་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-09-08

    2017ལོར་གྲོང་ཚོ་བཙུགས་ཚུན་དུ། སྐུ་ཁམས་གྲོང་ཚོས་གཞི་རིམ་གྱི་འཐབ་འཛིང་མཁར་རྫོང་སྟོབས་ཆེར་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མང་ཚོགས་ཀྱི་རང་སྐྱོང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། འབབ་འཕར་གྱི་ཐབས་ལམ་ཡངས་སུ་བཏང་བ་རེད། 2019ལོར། སྐུ་ཁམས་གྲོང་ཚོ“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོར”བདམས་ནས་གྲོང་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་11039ཟིན་ཡོད་པ་རེད།

    དེ་སྔའི“དབུལ་པོའི་ཚང”ནས་སྤོས་པ།

    2016ལོའི་ཟླ་དགུ་པར་སྐྲུན་འགོ་ཚུགས་པའི་སྐུ་ཁམས་གྲོང་ཚོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2.1ཙམ་བཏང་ཞིང་། སྡོད་ཁང་གི་ས་བཟུང་རྒྱ་ཁྱོན་མུའུ་708དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་36342.8ཟིན་ཡོད། 2017ལོའི་ཟླ་བཅུ་གཉིས་པ་ནས་བཟུང་དེ་གར་དུད་ཚང་369ཡི་མི་1296ཡོད་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་248ཀྱི་མི་842ནི་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚ་རྫོང་དང་། ཆུ་གསུམ་རྫོང་། མཚོ་སྨད་རྫོང་སོགས་ནས་སྤོས་ཡོང་བ་རེད།

    “‘དབུལ་པོའི་ཚང’ནས་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས”ད་ཆ་སྐུ་ཁམས་གྲོང་ཚོའི་མང་ཚོགས་ཀྱིས་གནས་སྤོས་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་པ་རེད།

    འདི་ལོར་ལོ་64ལ་སོན་པའི་བསོད་ནམས་རྡོ་རྗེ་ནི་དེ་སྔ་ཆུ་གསུམ་རྫོང་ཆུ་མཁར་གྲོང་ཚོའི་གྲོང་མི་ཞིག་ཡིན་ལ། 2017ལོའི་ཟླ་བཅུ་གཉིས་པར་སྐུ་ཁམས་གྲོང་ཚོར་སྤོས་ཤིང་། ཁོང་ནི་སྐུ་ཁམས་གྲོང་ཚོར་སྤོ་མཁན་མང་ཚོགས་ཁག་དང་པོའི་གྲས་རེད། ཁོང་གིས“ངའི་དེ་སྔའི་སྡོད་ཁང་ནི‘ས་ཁང’ཡིན་ལ་གློག་མེད་པ་མ་ཟད། ད་དུང་ལམ་ཡང་བདེ་པོ་མེད་པས་གྲོང་ཚོའི་ཨུ་ལྷན་དུ་སྐྱོད་པར་ཡང་ཆུ་ཚོད་4ཙམ་འགོར་གྱི་ཡོད”ཅེས་བཤད།

    གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པར་བྱ་ཆེད། སྐུ་ཁམས་གྲོང་ཚོས་མང་ཚོགས་ཀྱི་རང་སྐྱོང་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཚོ་ཧྲིལ་པོ་དེ་ཚོགས་ཆུང་7དང་དུད་སྦྲེལ་ཚན་པ་36ཏུ་དབྱེ་བ་དང་། སྣོད་བཅུད་ཤེས་དཔལ་གྲོང་ཚོ་དང་ཤེས་དཔལ་ཁྱིམ་ཚང་སོགས་གཏོད་འཛུགས་བྱེད་སྒོ་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་མོས་སེམས་དང་གཏོགས་སེམས་ཟབ་ཏུ་བཏང་བ་དང་། “སེམས་པ་ཏང་ལ་ཕྱོགས། སེམས་ནུས་གཅིག་ཏུ་སྒྲིལ། ཞི་མཐུན་བརྟན་ལྷིང་། ཚན་རིག་གཙིགས་སུ་འཛིན། ལས་བརྩོན་ཕྱུག་འགྱུར་བྱེད”བཅས་ཀྱི་བསམ་པའི་ཉམས་འགྱུར་བཏོད་པ་རེད།

    “སྐུ་ཁམས་གྲོང་ཚོར་སྤོས་རྗེས། འབབ་འཕར་ཕྱུག་འགྱུར་དང་། གླ་ཆ་མ་རག་པ། ཁོར་ཡུག་འཕྲོད་བསྟེན། ལས་ཞོར་གྱི་རིག་གནས་འཚོ་བ་སོགས་ཕྱོགས་གང་ཅིར་དོ་དམ་བྱེད་མཁན་འདུག”“ང་ཚོ་དབུལ་སྒྲོལ་ཐུབ་ཆེད་རྒྱལ་ཁབ་ཀྱིས་ལས་དོན་བཟང་པོ་འབོར་ཆེན་འདི་འདྲ་སྒྲུབ་པ་བསམ་ཡུལ་ལས་འདས་སོང”ཞེས་བསོད་ནམས་རྡོ་རྗེས་བཤད།

    འཕེལ་རྒྱས་ཀྱི་སྣེ་ཡག་པོ་ཁྲིད་པ

    གྲོང་ཚོ་འཛུགས་སྐྲུན་བྱེད་དུས་ནས་བཟུང་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་སྐུ་ཁམས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱས་ནས། སྐུ་ཁམས་གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་གི་ཁོངས་མི་ལེགས་འདེམས་ཧྲག་སྒྲུག་བྱས་པ་རེད།

    སྐུ་ཁམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྤེན་པ་ཚེ་རིང་གིས་གྲོང་ཚོའི་གནས་ཚུལ་ལ་རྒྱུས་མངའ་གསལ་པོ་ལོན་ཡོད། ཁོང་གིས“སྐུ་ཁམས་གྲོང་ཚོར་ད་ཆ་ཏང་ཡོན་207ཡོད། གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བའི་ལས་དོན་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ནུས་པར་བརྟེན་ནས། ཏང་ཡོན་ཚང་མས་གྲོང་ཚོའི་ལས་དོན་ཁག་གི་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད”ཅེས་བཤད།

    འདི་ལོར་ལོ་84ལ་སོན་པའི་རྒད་པོ་བྱམས་པའི་བུ་མོ་རྟག་ཏུ་ཕྱིར་ལས་ཀར་བསྐྱོད་དེ་འཚོ་བར་ལྟ་རྟོག་བྱེད་མཁན་མེད་པས། སྐུ་ཁམས་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་ཚོ་རེས་མོས་བྱས་ནས་རྒད་པོ་བྱམས་པའི་ཁྱིམ་དུ་བསྐྱོད་དེ་ཁོང་ལ་ལྟོ་སྟེར་བ་དང་གད་ཕྱིས་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད།

    “རང་ཉིད་ཀྱི་བུ་མོ་ཡང་འདི་ལས་ལྷག་པ་མི་འདུག ཁོང་ཚོ་ངའི་གཉེན་ཉེ་ལས་ཀྱང་བྱམས་པ་འདུག”བྱམས་པས་རྟག་ཏུ་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་འཁྲིས་ཀྱི་གྲོང་མི་ཚོར་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད་པ་རེད།

    “ཏང་རྩ་འཛུགས་ལ་སྟོབས་ཤུགས་ལྡན་ཚེ། མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་རེ་བ་ཆེ”ཏང་ཀྲི་པུའི་གོང་བུར་འགྲིལ་ཤུགས་དང་། ལྟེ་བར་ཕྱོགས་ཤུགས། འཐབ་འཛིང་གི་ནུས་པ་བཅས་ཆེ་རུ་གཏོང་ཆེད། གྲོང་ཚོའི་ཏང་ཀྲི་པུའི་ཚན་ཁག་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཐོག་མང་ཚོགས་ཀྱི་རེ་ཞུ་ཁག་རྩིས་ཁྲར་བཟོས་ནས་རེ་རེ་བཞིན་ཐག་གཅོད་བྱས་པ་རེད།

    ཕྱུག་འགྱུར་གྱི“འཕར་ཁུངས”སྐྱེད་སྲིང་བྱས་པ།

    “དབུལ་སྒྲོལ་འགག་སྒྲོལ་ལས་རྣམ་པར་རྒྱལ་བར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་འགག་རྩ་ཡིན”དང་ཐོག་གྲོང་ཚོ་འཛུགས་སྐྲུན་བྱེད་དུས་ནས་བཟུང་། སྐུ་ཁམས་གྲོང་ཚོས་སྣོད་བཅུད་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་ཡོད་པ་རེད།

    2018ལོར། སྐུ་ཁམས་གྲོང་ཚོས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་རྗེས་སྣོད་བཅུད་གསོ་ཚགས་རོགས་རེས་ཚོགས་ཆུང་དང་། དཔལ་འབྱོར་འབྲས་ཤིང་འདེབས་འཛུགས་དང་ཕྱིར་ཚོང་རོགས་རེས་ཚོགས་ཆུང་། ཞིང་འབྲོག་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་རོགས་རེས་ཚོགས་ཆུང་། ངལ་ནུས་ཕྱིར་གཏོང་རོགས་རེས་ཚོགས་ཆུང་། ཞིང་འཕྲུལ་ཁྱབ་སྤེལ་རོགས་རེས་ཚོགས་ཆུང་བཅས་བཙུགས་པ་བརྒྱུད་ཞིང་འབྲོག་ལས་རིགས་གཞི་ཁྱོན་ཅན་དང་། ལེགས་བསྡུས་ཅན། ཚད་ལྡན་ཅན་བཅས་ཀྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་སྟེ། རྨོ་ཞིང་མུའུ་459.6གྲོང་ཚོའི་མཉམ་སྡེབ་ཀྱིས་གཅིག་གྱུར་གཉེར་སྐྱོང་བྱས་ནས་མང་ཚོགས་ལ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ལྟར་ཁེ་སྤོགས་བགོ་བཤའ་བརྒྱབ་སྟེ་ཕན་འབྲས་ཆེ་རུ་གཏོང་ཅི་ཐུབ་བྱས་པ་དང་། རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི་550རག་ཐབས་བྱས་པའི་ཁར་མང་ཚོགས་ཀྱིས་མཛོ་མོ་དང་འབྲི་མ་རྐང་གི་ཚུལ་དུ་བཞག་ནས་གཅིག་སྡུད་གསོ་ཚགས་བྱས་ཏེ་མར་དང་ཕྱུར་བ་སོགས་འབྲོག་ལས་ཐོན་རྫས་ལས་སྣོན་དང་ཕྱིར་ཚོང་བྱས་པ། སྟར་ཁ་དང་། སེའུ་དམར་ཆུང་། ཁམ་བུ་སོགས་འབྲས་ཤིང་མུའུ་700.9བཏབ་ནས“འཕར་ཁུངས”སྐྱེད་སྲིང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། གྲོང་ཚོ་ཧྲིལ་པོའི་ངལ་ནུས་574ཚང་མར་ལས་སྟེགས་དང་། ལས་ཀ ཡོང་འབབ་བཅས་ཡོད་པར་བྱས་པ་རེད།

    ན་ནིང་། སྐུ་ཁམས་གྲོང་ཚོའི་གྲོང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2017ལོའི་སྒོར་5647.57ནས་11039བར་འཕར་བ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་རྗེས་དེ་ལས་ཀྱང་རྔམ་བརྗིད་ལྡན་པའི་འཆར་གཞི་ཞིག་རིམ་བཞིན་འགོད་ཀྱིན་ཡོད་པ་རེད། ད་ཆ། སྐུ་ཁམས་གྲོང་ཚོས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཙོ་རྐང་དང་སྡོད་མལ་ཁོར་ཡུག་བཅོས་སྐྱོང་དམ་འཛིན་བྱ་གཞིར་བཟུང་ནས་མ་དངུལ་སྒོར་ཁྲི་1200བཏང་ནས་གླིང་མདའ་ཤང་གི་སློབ་ཆུང་རྒྱས་སྐྲུན་དང་། སྐུ་ཁམས་གྲོང་ཚོའི་དམངས་ཕན་ཉེན་དོན་ཞབས་ཞུ་ས་ཚིགས་དང་གླིང་མདའ་ཤང་ཞིང་ལས་དངུལ་ཁང་ལས་གཉེར་ས་ཚིགས་འཆར་འགོད་འཛུགས་སྐྲུན་གྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། ཁོར་ཡུག་འཕྲོད་བསྟེན་གཙང་བ། ཐོན་ལས་རྨང་གཞི་བརྟན་པ་བཅས་ཀྱི་ས་མཐོའི་འབྱོར་འབྲིང་གྲོང་གསར་ཞིག་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།