བསྟི་ཡག་གང་དུ་ཡོད་དམ། བོད་ཀྱི་ནུབ་ཤོས་ནི་མངའ་རིས་དང་། མངའ་རིས་ཀྱི་ནུབ་ཤོས་བསྟི་ཡག་རེད།
ལོ་78ལ་སླེབས་པའི་དངོས་གྲུབ་དཔལ་ལྡན་ཆུང་བྱིས་པའི་དུས་སུ་ཡུལ་གྱར་གྱི་འཚོ་བ་བསྐྱལ། མཐར་རང་ཡུལ་དུ་ལོག་ནས་ཕ་མེས་ཀྱི་ཁྱིམ་གྱི་མདུན་དུ་བསྟི་ཡག་གི་ཁམ་སྡོང་དཀར་པོ་ཐོག་མ་དེ་བཙུགས། ད་ལོ་ལོ་62ལ་སླེབས་པའི་ལའོ་དབྱང་ཤར་རྒྱ་མཚོ་རྒྱུད་ཀྱི་ཅང་སུའུ་ནས“ནུབ་རྒྱུད་ཀྱི་ཕ་ཡུལ”བསྟི་ཡག་ཏུ་སླེབས། ལོ་24ཡི་རིང་བསྟི་ཡག་གཞན་ཡུལ་ནས་རང་གི་ཕ་ཡུལ་དུ་གྱུར། སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་བདེ་སྐྱིད་ཆོས་སྒྲོན་རི་ཁུག་ནས་ཐོན་ཏེ་ཀྲུང་གོ་ཕྱེད་ཀ་ཙམ་བརྒལ་ནས་ལྷོ་རྒྱ་མཚོའི་འགྲམ་དུ་གནས་པའི་ཧའེ་ནན་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་རང་ཉིད་ཀྱི་ངོ་མཚར་ཆེ་བའི་མི་ཚེ་གཏོད་བཞིན་མཆིས།
བསྟི་ཡག་བ་མི་རབས་གསུམ་གྱིས་མེས་རྒྱལ་གྱི་དུས་དང་བར་མཐོངས་ཀྱི་འཕྲེད་གཞུང་དུ་རང་ཉིད་ཀྱི་མི་ཚེའི་བགྲོད་ཤུལ་རེ་བཞག་ཡོད་ལ། ཐུན་མོང་གི་གནས་ཚད་ཅིག་དེ་བས་ཡོད་པ་སྟེ། ཁྱིམ་གཞིས་ནི་བསྟི་ཡག་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན་པ་དེ་རེད།
ཕ་ཡུལ་ནས་འབྲལ་མི་ཕོད་པ།
མི་རབས་ནས་མི་རབས་བར་འདི་གར་འཚོ་བ་བསྐྱལ་བ།
“ཁེ་ཧྲི་སྨིར་དང་། རྒྱ་གར། ནེ་པ་ལ་བཅས་སུ་ཡུལ་གྱར་དུ་འགྲོ་རིང་། ཉིན་ལྟར་སྤྲང་པོ་ལྟར་འཚོ་བ་ཧ་ཅང་སྡུག་པོ་བསྐྱལ” དངོས་གྲུབ་དཔལ་ལྡན་ལཱ་ཁེ་མའི་རི་འདབས་ཀྱི་སྲིབ་སྐྱིད་གྲོང་ཚོར་སྐྱེས་པ་དང་། 1962ལོར་ཡུལ་གྱར་དུ་ཕྱིན་ནས་གཞན་ཡུལ་དུ་ལོ་6འཁྱམས། ཉེ་ཆར་བསྐྲུན་ཟིན་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་སྡོད་ཁང་གསར་པར་དུས་རབས་ཕྱེད་ཀ་ལྷག་ཙམ་གོང་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་རྒད་པོ་ངུ་ཤོར།
“སྐབས་དེ་དུས་པཱ་ལགས་ཀྱིས་མི་གཞན་ལ་ལན་བསྐུར་ནས་ཕ་ཚ་བུ་རྒྱུད་རྣམས་འདི་གར་འཚོ་བ་སྐྱེལ་གྱི་ཡོད། འཚོ་བ་ཡང་ཧ་ཅང་ཡག་པོ་ཡོད་པས་ཁྱེད་མགྱོགས་པོ་ནང་ལ་ལོག་ཤོག་ཟེར་གྱི་འདུག” དངོས་གྲུབ་དཔལ་ལྡན་རྐང་པ་ཐང་པོ་མེད་པས་ཉལ་ཁྲིའི་འགྲམ་དུ་བསྡད་པ་དང་།
སྒེའུ་ཁུང་གི་ཕྱི་རོལ་དུ་ཤིང་སྡོང་མཁའ་ལ་བསྙེགས་པ་ཞིག་ཡོད་པ་དང་ཐག་རིང་ནས་གངས་རི་མཐོང་གི་ཡོད། ཁོང་གིས་སྔོན་ཆད་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་ཀྱིན་དུ་བུ་རྐང་བཙུགས་རྡོ་རྗེར་ལྟ་བཞིན“རྩ་བ་འདིར་ཡོད”ཅེས་བརྗོད་པ་དང་། ལོ་60ཡི་གོང་གི་ཕ་བུའི་དབར་བཤད་པའི་སྐད་ཆ་དེ་སླར་ཡང་བསམ་བློར་འཁོར་བ་དང་། མི་རབས་ནས་མི་རབས་བར་བརྟན་སྲུང་བྱེད་པའི་དམ་ཚིག་སླར་ཡང་རྒྱུན་འཛིན་བྱས།
ལོ་42ལ་སླེབས་པའི་རྐང་བཙུགས་རྡོ་རྗེས་སྟོད་ཐུང་ཕུ་མེད་ཅིག་གྱོན་པ་དང་། སྒོ་ཁར་ལངས་ནས་སྐད་ཆ་དེ་དག་ཉན་སྐབས། ཕ་མེས་ཚོའི་དཀའ་སྡུག་ནི་འཇིག་རྟེན་དང་བྲལ་བའི་འདས་དོན་ཞིག་དང་འདྲ་ཞིང་། “བདེ་སྐྱིད་ལྡན་ཤོས་ནི་ད་ལྟའི་དུས་སྐབས་འདི་རེད”ཅེས་པའི་ཚོར་སྣང་ཟབ་པའི་པཱ་ལགས་ཀྱི་སྐད་ཆ་ཐོས་སྐབས་དེ་མ་ཐག་ངོ་གདོང་ནས་གོ་བ་ལོན་པའི་འཛུམ་མདངས་འཕྱུར། ཁང་པའི་ཕྱི་རོལ་གྱི་རི་ལྡེབས་སུ་ཤིང་ཏོག་ར་བ་ཡིན་པ་དང་། སྔོ་ཐིང་ཐིང་དུ་གནས་པའི་ཁམ་སྡོང་དང་ཀུ་ཤུའི་སྡོང་པོ་རི་བོ་ཧི་མ་ལ་ཡའི་ཉི་འོད་འོག་འོད་ཆེམ་ཆེམ་དུ་གནས་པ་དང་། སྡོང་པོ་ཆེ་ཤོས་ནི་རྐེད་པའི་སྦོམ་ཚད་དང་གཉིས་སུ་མ་མཆིས། བྲོ་བ་ཞིམ་པའི་ཁམ་བུ་དཀར་པོ་ནི་ས་གནས་དེ་གའི་ཡུལ་ཟོག་རེད། རྐང་བཙུགས་རྡོ་རྗེས་ང་ཚོ་སྡོང་རྒན་ཞིག་གི་འགྲམ་དུ་ཁྲིད་ནས་དེ་ནི་བསྟི་ཡག་གི་ཁམ་བུ་དཀར་པོའི་སྡོང་པོ་ཁག་དང་པོ་རེད། སྡོང་པོ་དེ་དག་ནི་ངའི་པཱ་ལགས་ཀྱིས་ནང་འདྲེན་བྱས་པ་ཞིག་རེད་ཅེས་སྤོབས་པ་ཆེན་པོས་བརྗོད་བྱུང་།
བསྟི་ཡག་ལ་ཤིང་འབྲས་འདེབས་པའི་སྲོལ་རྒྱུན་ཞིག་ཡོད། 1985ལོར་མཐའ་མཚམས་གནས་སྐབས་སྒོ་མོ་ཕྱེ་བ་དང་། དངོས་གྲུབ་དཔལ་ལྡན་གྱིས་མར་རྒྱ་མ་10དང་ལུག་3བྱས་ནས་རྒྱ་གར་གྱི་ཚོང་པའི་ས་ནས་སྦོམ་ཐུང་མཛུབ་མོ་དང་འདྲ་བའི་ཁམ་བུ་དཀར་པོའི་སྡོང་ཕྲུག་རྐང་200དང་བརྗེས་ནས་འགའ་ཤས་གྲོང་པ་ཁྱིམ་མཚེས་ལ་བགོས་པ་དང་། འགའ་ཤས་ཁང་པའི་མདུན་གྱི་ས་ཞིང་སྟེང་དུ་བཙུགས།
རྐང་བཙུགས་རྡོ་རྗེས་ངོ་སྤྲོད་བྱེད་ཞོར་དུ་ལག་པས་རྩྭ་ངན་འགོག་གིན། ཕ་མེས་ཀྱིས་བཙུགས་པའི་སྡོང་པོ་དེ་དག་ཁོང་གི་སྲུང་སྐྱོང་འོག་ལོ་ལྟར་འབྲས་བུ་ཡག་པོ་སྨིན་གྱི་ཡོད། ཁང་པའི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ལ་ལྟ་བཞིན་གསར་འགོད་པས་འདྲི་འདོད་ཆེ་ཤོས་ཀྱི་སྐད་ཆ་སྟེ། “ཁྱེད་ཀྱིས་བལྟས་ན་རྒྱལ་ཁབ་གང་དུ་ཡོད་དམ”ཞེས་དྲིས་པ་ཡིན།
“རྒྱལ་ཁབ་ནི་རྐང་འོག་གི་ས་ཆ་དེ་ཡིན་པ་དང་རྒྱལ་ཁབ་ནི་སེམས་ཀྱི་གཏིང་དུ་གནས་ཡོད”ཅེས་རྐང་བཙུགས་རྡོ་རྗེས་གཟབ་ནན་གྱི་རྣམ་འགྱུར་དང་བློ་བརྟན་འགྱུར་མེད་ཀྱི་སྐད་ཆའི་ཐོག་ནས“ཏང་གི་རོགས་རམ་འོག་ང་ཚོར་སྤོ་ལགས་དང་པཱ་ལགས་ཀྱི་བསམ་བློར་ཡང་འཁོར་མྱོང་མེད་པའི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། ས་སྲུང་མཐའ་བརྟན་ནི་ང་ཚོའི་དོར་དུ་མེད་པའི་འགན་འཁྲི་ཡིན”ཞེས་བཤད།
“མཐའ་མཚམས”སུ་གཞིས་ཆགས་པ།
རྐང་འོག་གི་ས་ཞིང་ནི་ངའི་ཁྱིམ་གཞིས་ཡིན།
ལའོ་དབྱང་གི་མིང་ལ་དབྱང་ཀུའེ་ཧྥང་ཟེར་ཞིང་། སྔོན་ཆད་ཀྱི་ཞུས་ཀྲོའུ་འཛུགས་སྐྲུན་ཀུང་སི་བཞི་པའི་རྩིས་པ་ཞིག་རེད། 1996ལོར་མཐའ་སྲུང་སྒྲིག་བཀོད་ཉམས་གསོ་བའི་ཨར་ལས་རུ་ཁག་དང་མཉམ་དུ་བསྟི་ཡག་ཏུ་ཐེངས་དང་པོར་སླེབས་པ་དང་། ཡུལ་མི་ཚོས་ཀྱང་ཁོང་གི་མིང་ངོ་མ་ཤེས་མཁན་ཉུང་ཉུང་རེད། ཚང་མས་གཤིས་ཀ་འཇམ་ལ་གཞུང་དྲང་བའི་རྒྱ་རིགས་ལག་རྩལ་པ་དེར“ལའོ་དབྱང”ཞེས་འབོད་ཀྱི་ཡོད། 1997ལོར་ལའོ་དབྱང་གིས་ལས་ཀ་ནས་ངོ་ཤེས་པའི་ཚེ་སྐྱིད་སྒྲོལ་མ་ཞུས་ཀྲོའུ་རུ་འཁྲིད་ནས་གཉེན་སྒྲིག་བྱས།
ངས་ཀྱང་མ་བུ་གསུམ་ཁྲིད་ནས་ཕ་ཡུལ་དུ་འཚོ་བ་སྐྱེལ་དགོས་བསམས་ཀྱང་ཁོ་ཚོ་གོམས་ཀྱི་མ་རེད་སྙམ”དེ་དུས་ཚེ་སྐྱིད་སྒྲོལ་མས་ད་དུང་ཁྱོ་ག་སྔོན་མའི་ཕྲུ་གུ་གཉིས་ཀྱང་ཁྲིད་ཡོད། བཟའ་ཟླ་དང་བུ་མོ་རྒྱུས་མངའ་ཡོད་པའི་ཁོར་ཡུག་ཏུ་འཚོ་བ་སྐྱེལ་ཐུབ་པ་བྱ་ཆེད་ལའོ་དབྱང་ཕ་མ་སྤུན་མཆེད་དང་ཁ་གྱེས་ནས་སླར་ཡང་བསྟི་ཡག་ཏུ་ལོག་ནས་མཐའ་མཚམས་སུ་གཞིས་ཆགས་ཡོད།
ཞུས་ཀྲོའུ་རུ་གཉེན་བསྒྲིགས་པ་དང་མཐའ་མཚམས་ཕ་ཡུལ་དུ་བྱས་པའི་ལའོ་དབྱང་གིས་བོད་རིགས་ཡུལ་མི་རྣམས་དང་མཉམ་དུ་ཕྱུགས་ཟོག་འཚོ་སྐྱོང་དང་མཐའ་མཚམས་སྐོར་གཡེང་བྱེད་པ་དང་། རྟ་བཞོན་པའམ་རྐང་ཐང་དུ་ཕྱོགས་གང་སར་བསྐྱོད་ཅིང་། ཟོར་བ་ཐོགས་ནས་རྩྭ་འབྲེག་སྐབས་ལག་པར་རྨ་བཟོས་པ་ད་དུང་ཡང་གསལ་པོར་དྲན་གྱི་ཡོད། ཚང་མ་དང་མཉམ་དུ་ལམ་དང་ཟམ་པ་བཟོ་བ་དང་གླ་ཆ་ཐོལ་པ་གཏན་ནས་མི་ལེན་པར་ཚང་མར་བགོ་ཡི་ཡོད། ཁོང་གིས“དཀའ་ལས་རྒྱག་མཁན་གཅིག་པ་རེད། སེམས་གཏན་ནས་བཟོད་ཀྱི་མི་འདུག”ཅེས་བརྗོད། ཕ་མ་གྲོངས་ཀྱང་ཡུན་རིང་པོ་སོང་རྗེས་གཞི་ནས་ཐོས་ཏེ་མཆོད་མེ་སྤར་ནས་ཐག་རིང་གི་ཕ་ཡུལ་དུ་མྱ་ངན་ཞུ་བའི་སེམས་པ་མཚོན་པར་བྱས།
“ཕྱིར་ལོག་གི་མིན། ཁྱིམ་གཞིས་འདི་གར་ཡོད”ལའོ་དབྱང་གིས་ང་ཚོ་ཁྲིད་ནས་ཁོང་གི་ཁྱིམ་ལ་ལྟ་སྐོར་བྱས་པ་ན། “ས་ཁང”དང་། “རྡོ་ཁང” “བདེ་སྡོད་ཁང་པ”ནས་ད་ཆའི“འབྱོར་འབྲིང་གི་ཁང་པ་གསར་པའི”བར་འཚོ་བར་གང་ས་ཅི་ཐད་ནས་ཡར་རྒྱས་ཆེན་པོ་སོང་འདུག མི་ལོ་24ཡི་རིང་ལའོ་དབྱང་གིས་དེ་ལྟར་ཁང་པ་ཐེངས་4སྤོས་ཏེ་ཁྱིམ་གྱི་རྩ་བ་དེ་ས་གཞི་འདིའི་ཐོག་བརྟན་པོར་བཙུགས།
རི་ཁུག་ནས་ཐོན་ཏེ།
མེས་རྒྱལ་གྱི་པང་དུ་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་བྱུང་བ།
བསྟི་ཡག་ནི་རི་ཚོགས་ཀྱི་གསེབ་ཏུ་གནས་པས་ལ་གཟར་བ་དང་ལམ་ཀྱག་ཀྱོག་མང་ཁར་ལོ་རེའི་དགུན་དུས་སུ་ཁ་བས་རི་ཀླུང་གཡོགས་ནས་དཔྱིད་ཀའི་བར་བཞུ་ཡི་མེད་ཅིང་། ཡུལ་དེ་ནི་ཕྱིར་ཐོན་དཀའ་ལ་ནང་དུ་འཛུལ་མི་ཐུབ་པའི“ཁེར་ཆགས་གླིང་ཕྲན”ལྟ་བུ་རེད། སྔོན་ཆད་རི་ཁུག་ནས་ཐོན་བསམས་ཀྱང་། སྤྱི་ལེ་200ལྷག་གི་ཕྱི་རོལ་གྱི་རྩ་མདའ་ཡང་རི་བོ་མཐོ་ལ་ལམ་ཐག་རིང་བས་སླེབས་ཐབས་བྲལ་བ་ཞིག་རེད། ད་ཆ་སྣུམ་ནག་ལམ་སྒོ་འགྲམ་དུ་བཏིང་ནས་མེས་རྒྱལ་གྱི་ས་ཆ་གང་སར་སྦྲེལ་ཡོད།
བདེ་སྐྱིད་ཆོས་སྒྲོན་ནི་ཧའེ་ནན་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སློབ་མ་ཡིན་ལ་སློབ་གྲྭ་དང་ཕ་ཡུལ་གྱི་བར་ལམ་ཐག་སྤྱི་ལེ་5000ལྷག་ཆོད་ཡོད། “རྒྱལ་ཁབ་ཉིན་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བ་དང་། ང་ཚོ་མེས་རྒྱལ་གྱི་པང་དུ་བདེ་སྐྱིད་ངང་འཚར་ལོངས་འབྱུང་བཞིན་ཡོད་ལ། མཐའ་མཚམས་ཀྱི་སློབ་མ་ཡིན་པའི་ངོས་ནས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”
ཡུལ་འདི་ནི་བསྟི་ཡག་ཡིན་ལ་བོད་ཀྱི་ཐག་རིང་ཤོས་ཀྱི་རི་གྲོང་གི་གྲས་ཤིག་རེད། “མངའ་རིས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཆུང་ངུ”འདི་ལས་རྒྱང་ཐག་ཇེ་ཙམ་རིང་ཡང་མེས་རྒྱལ་གྱི་རི་ཀླུང་ཡིན་ལ། མཐའ་མཚམས་ག་ཙམ་ཡིན་རུང་མི་དམངས་ཀྱི་བདེ་སྐྱིད་ཁྱིམ་གཞིས་ཡིན་པ་མཚོན།
བསྟི་ཡག་དངོས་གནས་ས་ཐག་རིང་ངམ་ཞེ་ན། དངོས་གྲུབ་དཔལ་ལྡན་དང་། ལའོ་དབྱང་། བདེ་སྐྱིད་ཆོས་སྒྲོན་སོགས་བསྟི་ཡག་བ་རེ་རེའི་གཏམ་རྒྱུད་ནི་ང་ཚོའི་སེམས་པ་དང་ཇི་འདྲའི་ཐག་ཉེ་བ་ལ་ཨང་། ས་ཆ་འདིར་བྱུང་བའི་གཏམ་རྒྱུད་ཕལ་པ་རེ་རེ་ལས་ཀྲུང་གོ་བའི་སེམས་ཀྱི་རྒྱུད་སྐུད་དཀྲོལ་ཡོད་པས། བསྟི་ཡག་ནི་ང་ཚོ་དང་ས་ཐག་རིང་པོ་ཞིག་ག་ལ་ཡིན།