དབུ་ཤོག>ཆེད་སྒྲིག
  • ས་མཐོའི་དབུལ་སྒྲོལ་གྱི“ཁྲེང་ཀོན་གྱི་མ་དཔེ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-31

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཆུས་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དབུལ་སྐྱོར་ཆ་འཕྲིན་དྲ་རྒྱ་བརྒྱུད་རྫོང་རིམ་པའི་འགོ་ཁྲིད་ཀྱི“རོགས་སྐྱོར་འགན་ལེན་དང་དམ་འཛིན་ལ་སྐུལ་འདེད་གཏོང་བ”དང་། ལྗོངས་ཐད་གཏོགས་སྡེ་ཚན་གྱི་གནས་གཏན་འཁེལ་གྱི་རོགས་སྐྱོར། ཏང་ཡོན་ལས་བྱེད་པའི“ཆ་སྒྲིག་གཉེན་འཚོལ”གྱི་རོགས་སྐྱོར་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་ནས་ཐོན་ལས་ཆེན་པོར་བརྟེན་ཏེ་རོགས་སྐྱོར་ཆེན་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། གནད་སྨིན་དབྱེ་འབྱེད་དང་། གནད་སྨིན་ཇུས་བསྟར། གནད་སྨིན་རོགས་སྐྱོར་བཅས་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མར་2017ལོའི་ཟླ་10ཚེས་23ཉིན་རྒྱལ་ཁབ་ཀྱི་དཔྱད་ཞིབ་རྩིས་ལེན་ཐོབ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནི་རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་བོད་ཀྱི་ཁག་དང་པོའི་དབུལ་ཞྭ་ཕུད་པའི་རྫོང(ཆུས)གི་གྲས་ཤིག་ཡིན་པ་དང་། ལྗོངས་ཡོངས་ཀྱི་དབུལ་པོའི་ཤང་4ཡི་གྲོང་ཚོ་11ལ་ཉི་མ་སྒྲོལ་མ་ལྟར་དབུལ་སྒྲོལ་ཐུབ་མཁན་1212ཡོད་པ་དེ་དག་གིས་ཡུན་རིང་རེ་སྒུག་བྱས་པའི་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད།

    ཏང་དར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྣེ་ཁྲིད་བྱས་པ། 

    ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་གྲོང་མི་ཉི་མ་སྒྲོལ་མས་དབུལ་སྒྲོལ་ལམ་བུའི་ཐོག་བསྐྱོད་སྐབས་ཚལ་གུང་ཐང་ཁྲོམ་གཞུང་གི་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པ་བདེ་སྐྱིད་སྒྲོལ་དཀར་གྱི་སྐོར་མི་བརྗོད་ཀ་མེད་རེད། ཉི་མ་སྒྲོལ་མའི་ཁྱིམ་གྱི་གནས་ཚུལ་ཤེས་རྗེས། བདེ་སྐྱིད་སྒྲོལ་དཀར་གྱིས་རོགས་སྐྱོར་བྱ་ཐབས་བཟོས་པ་མ་ཟད། གོང་རིམ་འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་དེ་སྙན་སེང་ཞུས་པ་དང་ཆབས་ཅིག་ཉི་མ་སྒྲོལ་མའི་ཁྱིམ་ཚང་གི་དབུལ་སྒྲོལ་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་མུ་མཐུད་རོགས་རམ་བྱས་ཡོད། ད་ཆ་ཉི་མ་སྒྲོལ་མའི་གཟུགས་པོ་རྦད་དེ་དྲག་སྐྱེད་བྱུང་བ་དང་། ཁོང་གི་བཟའ་ཟླ་སྤེན་པ་ཆེད་བསྐོས་ནགས་སྲུང་པར་གྱུར་པ།  བུ་ཡང་སྟག་རྩེ་ཆུས་ཞིབ་བཤེར་ས་ཚིགས་སུ་ལས་ཀར་འགྲོ་བ་བཅས་ཀྱི་སྟེང་གྲོང་ཚོའི(ཚོགས་ཆུང)མཉམ་སྡེབ་དཔལ་འབྱོར་གྱི་ཐོབ་ཆ་དང་སློབ་གསོའི་ཁ་གསབ་སོགས་བསྣན་ཚེ་ཁྱིམ་ཚང་གི་ཡོང་འབབ་དབུལ་སྒྲོལ་གྱི་ཚད་གཞི་ལས་བརྒལ་ཡོད་པ་རེད། 2016ལོར་ཉི་མ་སྒྲོལ་མ་ཁྱིམ་གྱིས་རང་འགུལ་ངང་དབུལ་སྒྲོལ་གྱི་རེ་ཞུ་ཕུལ་བ་རེད།

    2013ལོར་བདེ་སྐྱིད་སྒྲོལ་དཀར་སློབ་གྲྭ་ནས་ཐོན་རྗེས་གཞི་རིམ་གྱི་དབུལ་སྐྱོར་ཁྱབ་ཁོངས་སུ་ལས་ལ་འབད་ནས་ད་བར་ལོ་7སོང་ཡོད། ལོ་7རིང་། ཁོང་གིས་ཚལ་གུང་ཐང་ཁྲོམ་གཞུང་གི་མང་ཚོགས་དབུལ་པོ་ཚང་མའི་ཁྱིམ་དུ་ཐེངས་བརྒྱ་ལྷག་ཙམ་སྐྱོད་མྱོང་ཡོད་པས་ཁོ་ཚོའི་དབར་གཉེན་ཉེ་ལྟ་བུའི་བརྩེ་དུང་ཟབ་མོ་ཆགས་ཡོད། “ཁོ་ཚོའི་འཛུམ་མདངས་ཀྱིས་ང་ལ་སེམས་གསོ་དང་སྟོབས་ཤུགས་སྦྱིན་བྱུང་། མང་ཚོགས་དབུལ་པོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བ་མཐོང་སྐབས། དཀའ་ལས་རྒྱག་རིན་ཆོག་འདུག”ཅེས་བདེ་སྐྱིད་སྒྲོལ་དཀར་གྱིས་བཤད།

    བདེ་སྐྱིད་སྒྲོལ་དཀར་ལྟ་བུའི་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པ་ཁྲེང་ཀོན་ཆུས་སུ་ཁྱོན་44བཀོད་སྒྲིག་བྱས་ཡོད། ཁོ་ཚོས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང“གཞི་རིམ་གྱི་ལས་རོགས”དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་སར་འབད་འཐབ་བྱས་ནས་ཕྱུག་འགྱུར་སྣེ་ཁྲིད་པ་28གསོ་སྐྱོང་བྱས་པ་དང་། མཉམ་སྡེབ་དཔལ་འབྱོར་15འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས“རང་བརྟེན་རྣམ་པའི”རོགས་སྐྱོར་དེ་རྒྱུན་རྣམ་གསར་པར་གྱུར་པར་བྱས་ཡོད།

    མཉམ་སྡེབ་དཔལ་འབྱོར་ལས་དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་ཕྱིན་པ།

    འདི་ལོ་ལོ་54ལ་སླེབས་པའི་ཟླ་བ་ནི་ཉང་བྲན་ཁྲོམ་གཞུང་རིན་ཆེན་ཚལ་གྲོང་ཚོའི་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་རེད། ཟླ་བ་ཚོང་རྒྱག་མཁས་པོ་ཞིག་ཡོད། 2007ལོར་བོད་བཟོའི་ཁྱིམ་ཆས་ཚོང་གཉེར་བྱེད་འགོ་བཙུགས་པ་ནས་བཟུང་། གྲོང་མིའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འབད་འཐབ་ཀྱི་ལམ་དུ་བསྐྱོད་ཡོད།

    རིན་ཆེན་ཚལ་གྲོང་ཚོའི་ཚོགས་ཆུང་བརྒྱད་པ་ནི་ཚོགས་ཆུང་དབུལ་པོ་ཞིག་ཡིན་པ་དང་། གྲོང་མི་དུད་ཚང་རེར་ས་ཕག་ཁང་མིག་གཉིས་ལས་མེད་པ་དང་། ས་ཞིང་མེད་ལ། ཕྱུགས་རིགས་ཀྱང་མེད། རིན་ཆེན་ཚལ་གྲོང་ཚོའི་དོན་དངོས་ལ་དམིགས་ནས། ཟླ་བས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་འབབ་འཕར་དབུལ་སྒྲོལ་གཙོ་རྐང་དུ་བྱས་ཏེ“རྒྱལ་ཁབ་ཀྱི་རོགས་སྐྱོར+སྲིད་གཞུང་གི་མ་འཇོག+གྲོང་མིའི་ངལ་ནུས་མ་རྩར་འཇོག་པའི”བྱ་ཐབས་སྤྱད་དེ་མ་དངུལ་གྲབས་གསོག་བྱས་ནས་དབུལ་སྐྱོར་གྱི་རླངས་འཁོར་འཁྲུད་ས་དང་དབུལ་སྐྱོར་གྱི་བོགས་གཏོང་ཁང་པ་བསྐྲུན་པ་རེད།

    ཟླ་བའི་སྣེ་ཁྲིད་འོག་ལོ་མང་འཕེལ་རྒྱས་བརྒྱུད་ཚོགས་ཆུང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་43ཚང་མ་དབུལ་སྒྲོལ་ཐུབ་ཅིང་། 2019ལོར་དུད་ཚང་རེར་ཁེ་སྤོགས་སྒོར་6000བགོས་ཡོད། “མི་གཅིག་ཕྱུག་པོ་ཆགས་པར་ཕྱུག་པོ་མི་ཟེར་བ་དང་ཚང་མའི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་ཚེ་འཇོན་ཐང་རེད། ང་ཚོའི་གྲོང་ཚོར་ད་དུང་དམངས་ཕན་རྣམ་གྲངས་དེ་བས་མང་པོ་ལག་ལེན་བསྟར་ཏེ་ཚང་མ་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཟླ་བས་བཤད།

    དོག་སྡེ་ཁྲོམ་གཞུང་འོད་པ་གྲོང་ཚོས་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་སོགས་གྲོང་གསེབ་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་ལས་ལྟ་སྐོར་གླིང་བོད་ལྗོངས་ཧྲུའུ་མའེ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་བོགས་མར་བཏང་ཡོད། གན་རྒྱ་ལོ་5བཞག་པ་དང་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཟིན་གྱི་ཡོད། ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོས་བེད་མེད་དུ་བསྐྱུར་བའི་ས་ཞིང་བེད་སྤྱོད་བྱས་ཏེ། ཚལ་གུང་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་སོགས་དང་མཉམ་དུ་མ་དངུལ་བཏང་ནས་རྨོ་ཞིང་ཚོང་འདྲེས་ས་ཚིགས་བསྐྲུན་པར་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་གྱི་ཡོད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྔ་ཆེན་ཁྲོམ་གཞུང་གར་པ་གྲོང་ཚོའི་ཁྱིམ་ཆས་བཟོ་གྲྭ་4དང་འགྱིག་བལ་བཟོ་གྲྭ་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྩིས་ནས་ཡུན་རིང་བོགས་མར་བཏང་ཡོད། ལོ་ལྟར་བསྡུས་པའི་བོགས་དངུལ་མི་གྲངས་ལ་གཞིགས་ནས་གྲོང་མི་ཡོངས་ལ་བགོ་བཤའ་རྒྱག་གི་ཡོད། ན་ནིང་ལོ་མཇུག་ཏུ་གར་པ་གྲོང་ཚོའི་གྲོང་མི་467ལ་མི་རེར་ཁེ་སྤོགས་སྒོར་ཁྲི་1.2སྤྲད་ཡོད་པ་རེད།

    འགོ་འཛུགས་ས་མཐོ་པོ་ནས་ཐོན་ལས་ཆེན་པོ་འཆར་འགོད་བྱས་པ།

    2012ལོར་ཁྲེང་ཀོན་ཆུས་སྲིད་གཞུང་གིས“ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི”བཙུགས་པ་ལས་ཁྲེང་ཀོན་ཆུས་ཀྱི་ཞིང་ལས་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་ཡོད། ཁྲ་སྒོར་གྱི་ཁྱིམ་གནས་སའི་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ས་ཞིང་མུའུ་བརྒྱད་སྟོང་ཙམ་ཟིན་པའི་ཀྲི་ཀྲའོ་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་གྱུར་ཡོད། ཁྲ་སྒོར་གྱི་ཁྱིམ་ནི“ས་ཞིང་ཤོར་བའི་ཞིང་པར”གྱུར་རུང་། མུའུ་རེ་ནས་ལོ་ལྟར་བོགས་དངུལ་སྒོར་ཉིས་སྟོང་ཡོད་པ་མ་ཟད། ད་དུང་ཐོན་ལས་གླིང་གི་བཞོན་མ་གསོ་ཚགས་ལྟེ་གནས་སུ་ལས་ཀར་སྐྱོད་ཀྱི་ཡོད།

    ཁྲ་སྒོར་ལྟ་བུའི་ནང་མི་ཚང་མ“སྒོ་རྩར”ལས་ཞུགས་ཐུབ་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཧ་ཅང་མང་པོ་ཡོད།

    ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་ཐོན་ཁུངས་འཕེལ་རྒྱས་དང་། སྣོད་བཅུད་སྲུང་སྐྱོང་། ཞི་མཐུན་མཉམ་གནས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ས་གཙང་བདེ་ཐང་ཐོན་ལས་གཙོ་ཁྲིད་དུ་བྱས་པའི་དབུལ་སྐྱོར་ཐོན་ལས་གཙོ་གནད་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ཐོན་ལས་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་18.79བཏང་ཐོག་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་དང་བོད་ལྗོངས་ས་གཙང་དཀར་ཆུའི་ལས་རིགས་སོགས་ས་གཙང་བདེ་ཐང་ཐོན་ལས་རྣམ་གྲངས་17གཅིག་ཏུ་བསྡུས་པས་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་མང་ཚོགས་ཕྱུག་པོ་ཆགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་ལས་+མཉམ་ལས་ཁང་+དུད་ཚང་དབུལ་པོའི་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁྲེང་ཀོན་ཆུས་ཀྱི་དབུལ་སྐྱོར་ཐོན་ལས་ལ་ཁེ་སྤོགས་བགོ་བཤའ་སྒོར་ཁྲི་975.94བརྒྱབ་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་མི་ཐེངས་3368སྐུལ་ཁྲིད་བྱས་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་2897.7རག་ཡོད།

    བྱེད་ཐབས་སྣ་མང་ལ་བརྟེན་ནས“དབུལ་པོ་བསྐྱར་ལོག”མི་ཡོང་བར་བྱས་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་ལ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོར་བསྐྱར་ལོག་སྔོན་འགོག་ཀྱང་བྱེད་དགོས། ཁྲེང་ཀོན་ཆུས་སུ་ལོ་གསུམ་བསྟུད་མར“དབུལ་པོར་བསྐྱར་ལོག་བྱེད་ནོར་ཤོར་བ་དང་དབུལ་པོ་བསྐྱར་ལོག”བྱེད་མཁན་གཅིག་ཀྱང་མེད།

    “གནད་སྨིན་གསུམ་དང་། དོན་འཁྱོལ་གསུམ། འགན་ལེན་གསུམ”བཅས་ལ་དམིགས་ནས་ཐོར་བཀོད་པའི“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་844ལ་ཕྱོགས་ཡོངས་ནས་ཡོངས་བཤེར་བྱས་ཏེ་དུད་ཚང་རེ་རེ་བཞིན་སྲིད་ཇུས་དོན་འཁྱོལ་བྱུང་ཚུལ་དང་འཚོ་བ་དང་ཐོན་སྐྱེད་ཀྱི་ད་ལྟའི་གནས་ཚུལ་ལ་ཞིབ་བསྡུར་བྱས་པ་དང་། མིག་སྔའི་དབུལ་སྒྲོལ་མང་ཚོགས་ལ་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་མེད་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཡོད། སྟོབས་ཤུགས་བསྡུ་སྒྲིལ་གྱིས“ཕྱོགས་ལྷུང་རང་བཞིན་གྱི་གནད་དོན”དག་ཐེར་བྱེད་ཚད་མགྱོགས་སུ་བཏང་ནས་ཆད་སྐྱོན་གསབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།