སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་བསྟར་བྱས་པའི་སྐོར་གྱི་སྒྲིལ་གླེང་དང་པོ།
འདི་ནི་གསར་དུ་བསྐྲུན་པའི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་དུས་ཐེངས་གཉིས་པའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་ཡིན་པ།
ལེ་ཚན་གཏོད་པའི་གཏམ།
ལོ་ལྔའི་རིང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་ལོ་5སོང་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་དམིགས་བསལ་གཟིགས་སྐྱོང་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད”ཅེས་པའི་ལེ་ཚན་འདོན་རྒྱུ་ཡིན།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་གཟིགས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་། ཧྲག་དམག་དཔུང་འཇུག གནད་སྨིན་ཇུས་འདོན། མཉམ་ཤུགས་འགག་སྒྲོལ་བཅས་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་5377ཚང་མ་དབུལ་སྒྲོལ་ཐུབ་པ། རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དུས་ཡུན་རིང་པོར་མི་རིགས་ཁག་གི་མི་དམངས་རྣམས་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་གནད་དོན་རྦད་དེ་མེད་པར་བཟོས་པ་དང་། རྒྱ་ཆེའི་མང་ཚོགས་དབུལ་པོའི་དངོས་པོའི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་བ་མ་ཟད། བསམ་པའི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་བལྟོས་བཅས་དབུལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་འདོམས་ལ་དམ་འཛིན་དང་རྩེ་རིམ་ཇུས་འགོད་བྱས་ནས་མཉམ་ཤུགས་ཆགས་པར་བྱས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་འགག་སྒྲོལ་བྱེད་པར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྩ་བ་རེད”ཅེས་གསུངས་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“གནད་སྨིན་དྲུག”དང“ཁག་གཅིག་བྱས་པ་ལྔའི”བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བའི་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་དེའི་གཤམ་དུ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་བཙུགས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་གོང་འོག་མཉམ་འགུལ་བྱེད་པའི་རྩ་འཛུགས་མ་ལག་ཅིག་བཟོས་ཡོད།
བོད་ནི་རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མང་ཤོས་དང་། དབུལ་པོ་ཆགས་ཚད་མང་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁོངས་ཤིག་རེད། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པས་ལྷག་མ་རྣམས་དཀའ་གནད་ཆེན་པོ་ཤ་སྟག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས《འཆར་འགོད》སྦབ་ཆ་གཅིག་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་དེ“ཞིང་ཆུ་ལེབ་གཏོང”ནས“འབེན་གཏད་གསོ་བཅོས”དང་གནད་སྨིན་དབུལ་སྐྱོར་ལ་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་སྒྲོལ་འགག་སྒྲོལ་འཆར་འགོད》དང་། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་འཆར་འགོད》《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་གནད་སྨིན་དབུལ་སྒྲོལ་འཆར་འགོད》བཅས་སྔ་རྗེས་སུ་བཟོས་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་ཁག་གིས་ཀྱང་དོན་འཁྱོལ་གྱི་འཆར་གཞི་བཟོས་པ་དང་ཡུལ་སྐོར་དང་། ཆུ་བེད། འགྲིམ་འགྲུལ་སོགས་འབྲེལ་ཡོད་ལས་རིགས་དང་སྡེ་ཚན་35ཡིས་ལས་རིགས་ཀྱི་དབུལ་སྐྱོར་འཆར་འགོད་བཟོས་པས་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་མ་ལག་ཅིག་ཆགས་ཡོད།
《འཆར་འགོད》དང《ཇུས་གཞི》རབ་དང་རིམ་པ་དེ་དག་ནང་2020ལོར་སླེབས་སྐབས་རང་ལྗོངས་གནད་སྨིན་དབུལ་སྒྲོལ་ཐུབ་པའི“ལམ་ཐིག”དང“དུས་ཚོད་རེའུ་མིག”ཁ་གསལ་བཏོན་ནས“སུ་ལ་རོགས་སྐྱོར་བྱེད་པ”དང་། “སུས་རོགས་སྐྱོར་བྱེད་པ”“དབུལ་སྐྱོར་ཇི་ལྟར་བྱེད་པ”“ཕྱིར་འཐེན་ཇི་ལྟར་བྱེད་པ”བཅས་འགག་རྩའི་གནད་དོན་4ལ་ལན་བརྒྱབ་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་ཁ་གཏད་གནད་ལ་མ་འཕིགས་པ་དང་། ཐབས་ལམ་གསལ་པོ་མེད་པ། འགན་འཁྲི་ཏན་ཏིག་མེད་པ། ཕྱིར་འཐེན་གོ་རིམ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་ནུས་ལྡན་བྱས་ཡོད།
2019ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་མཚམས་སུ་རང་ལྗོངས་ཀྱིས་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་པོའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད།
2016ལོ་ནས་2019ལོ་བར་གྱི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་རིང་། རང་ལྗོངས་ལ་ལོ་4བསྟུད་མར་ཕྱོགས་བསྡུས་གདེང་འཇོག་ཡག་པོ་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
གནད་སྨིན་ཇུས་འདོན་བྱས་ཏེ་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ་དང་ཐོན་ལས་རོགས་སྐྱོར་ལ་བརྟེན་ནས་ལམ་བུ་གསར་པ་བཏོད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱེད་སྐབས་ཇི་ཙམ་ཕྱི་མར་སླེབས་སྐབས་དེ་ཙམ་གྱིས་དཀའ་ལས་ཆེ་རུ་འགྲོ་གི་ཡོད་པས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གཙོ་རྐང་དུ་བྱས་ཏེ་རིགས་དབྱེ་ཇུས་འདོན་དང་། དངོས་འཛིན་དངོས་སྒྲུབ། ཕན་འབྲས་མྱུར་ཐོན་བཅས་བྱས་ནས་མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་གསུངས་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ།“ཕར་ཆིན་རྒྱག་པའི”སྙིང་རུས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ཆེན་པོར་སྐུལ་འདེད་བཏང་ནས་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ་ཁ་གསབ་གལ་ཆེན་དུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
རྣམ་གླིང་གྲོང་རྡལ་ཁོ་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཆེ་གྲས་5ཡི་གྲས་ཤིག་རེད། དེ་སྔའི་ཐང་རྒོད་དུ་ད་ཆ་སྡོད་ཁང་གསར་པ་གྲལ་སྟར་འགྲིག་ཅིང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་248ཚང་མ་སྡོད་ཁང་གསར་པར་སྤོས་ཡོད། བཀོད་སྒྲིག་བྱ་ཡུལ་དུ་ད་དུང་མུའུ་1200ཡི་མེ་ཏོག་ཧའེ་ཐང་འདེབས་འཛུགས་རྟེན་གཞི་བཙུགས་པས་དུད་ཚང་དབུལ་པོ་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཡོད།
ཁོ་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་པ་གསར་པ་ནི་རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་དང་མང་ཚོགས་དབུལ་པོར་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་རོགས་བྱས་པའི་བསྡུས་རིས་ཤིག་རེད།
མིག་སྔའི་བར། རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་26.6ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དེས་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་བསྡོམས་འབོར་གྱི་བཅུ་ཆ་གཅིག་ཙམ་ཟིན་པ་དང་། མི་འབོར་དབུལ་པོའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལྷག་བཟུང་ཡོད། མིག་སྔར་གནས་སྤོ་བྱ་ཡུལ་953བསྐྲུན་ཟིན་པ་དང་22བསྐྲུན་ཟིན་ཉེར་ཡོད། མི་ཁྲི་25.7གནས་སྤོས་ཟིན་པ་དང་དེ་བྱིངས་མི་ཁྲི་0.9ལོ་མཇུག་གོང་ཚང་མ་གནས་སྤོས་བྱ་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་ཡོང་བའི་རྩ་བའི་ཐབས་ཇུས་ཤིག་ཡིན་པས་ཡུལ་བབ་དང་བསྟུན་ནས་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཏུ་བརྩི་དགོས”ཞེས་ནན་པོ་གསུངས་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་དང་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་ལུགས་མཐུན་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་ཧུར་ཐག་བྱས་ཏེ་གཙང་པོ་རྒྱུག་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ས་ཁོངས་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བརྟན་པོ་ཕྱིན་ནས་ཞིང་འབྲོག་ལས་ཁྱད་ལྡན་ཅན་དང་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ཡོད། མིག་སྔར་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་362བཏང་ནས་རྣམ་གྲངས་2661ལག་བསྟར་བྱས་ཏེ་ཁྱད་ལྡན་གསོ་ཚགས་དང་། འདེབས་གསོ་རིག་གནས་ཡུལ་སྐོར། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཀྱི་ཐོན་ལས་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་བས་དབུལ་སྐྱོར་བྱེད་སྟངས་དེ་སྲིད་ཇུས་ཀྱི་འགན་ལེན་རང་བཞིན་གྱི་དབུལ་སྐྱོར་ནས་ས་ཁོངས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་མང་ཚོགས་དབུལ་པོ་སྣེ་གཅིག་རྣམ་པའི་གསོ་ཚགས་དང་འདེབས་གསོས་ཁ་འཕྱིད་ཐབས་བྱེད་པ་ནས་ཐོན་ལས་དང་། ལས་ཞུགས། འབབ་འཕར་བཅས་བར་མཆོང་སྐྱོད་ལྟ་བུའི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
“བློ་རིག་གཉིས་སྐྱོར”ལ་མཉམ་དུ་ཤུགས་སྣོན་བརྒྱབ་ནས་སྙིང་སྟོབས་ཆེར་བསྐྱེད་དང་དམངས་སེམས་གཅིག་ཏུ་བསྒྲིལ་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དབུལ་སྐྱོར་དེ་ཉིད་རིག་སྐྱོར་དང་བློ་སྐྱོར་དང་ཟུང་འབྲེལ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། རང་ལྗོངས་ཀྱིས“བློ་སྐྱོར་དང་རིག་སྐྱོར”དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་འཛུགས་སར་བརྩི་བ་དང་རང་བརྟེན་དབུལ་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་ཏུ་བརྩིས་ཏེ་དབུལ་སྐྱོར་དེ་ཉིད་བློ་སྐྱོར་དང་རིག་སྐྱོར་དང་ཟུང་འབྲེལ་དམ་པོ་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སློབ་གསོ་ཁྲིད་སྟོན་ལ་བརྟེན་ནས་དབུལ་སྒྲོལ་གྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་འདུ་ཤེས་གསར་བརྗེས་བྱས་ཏེ་མང་ཚོགས་དབུལ་པོར་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་བསམ་བློ་འཛུགས་རྒྱུར་ཁྲིད་སྟོན་བྱས་པས་དབུལ་སྒྲོལ་ཐད“གཞན་སྐུལ”ནས“རང་འགུལ”དུ་གྱུར་ཡོད།
“དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་དང་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པའི”སྤྱིའི་བསམ་ཕྱོགས་ལྟར། “སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་པའི”ལས་ཀའི་རྩ་དོན་བརྩི་སྲུང་བྱས་ནས་རང་ལྗོངས་ཀྱིས་སློབ་གསོའི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ལོ་15ཡི་གཞུང་གྲོན་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ་དང་། ལོ་གསུམ་བསྟུད་མར“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ཚད་གཞི་མཐོ་རུ་བཏང་བས་2019ལོར་སློབ་མ་རེར་ཆ་སྙོམས་སྒོར་3700ཟིན་ནས་རིམ་རྩིས་བྱས་ན་སློབ་མ་མི་ཐེངས་ཁྲི་231.21ལ་རོགས་སྐྱོར་ཐོབ་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྲོད། རང་ལྗོངས་ཀྱིས“དབུལ་སྐྱོར་བྱེད་སྐབས་སྔོན་ལ་བློ་སྐྱོར་བྱ་རྒྱུ”ལས་འགན་ཨང་དང་པོར་བརྩིས་ཏེ་དུས་བཀག་བཞིན་དུད་ཚང་དུ་འཚམས་འདྲི་བྱེད་པ་དང་ཆ་སྒྲིག་རོགས་སྐྱོར་བྱེད་སྟངས་བརྒྱུད་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧྲུའུ་ཅི་དང་པོ་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི་ཏང་ཀྲི་པུའུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དུད་ཚང་རེ་རེ་བཞིན་ལ་སྒྲོག་འགྲེལ་བྱེད་པ། མང་ཚོགས་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་འཕེལ་བ། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་དབུལ་པོར་ཕྱུག་འགྱུར་ཐབས་ལམ་འཚོལ་རོགས་བཅས་བྱས་ཏེ་བློ་གཅིག་སེམས་གཅིག་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་བློ་སྤེལ་རེས་བྱས་ཡོད།
དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་སུ“བསྡུར་སྦྱོང་སྙེགས་རོགས་བརྒལ་བཅས་ཀྱི་འགྲན་བསྡུར”དང་། “མཛེས་སྡུག་ལྡན་པའི་ཁྱིམ་གཞིས·བདེ་སྐྱིད་ལྡན་པའི་ཁྱིམ་ཚང”“ཡིད་དབང་འཕྲོག་པའི་གྲོང་གསེབ། སེམས་རྩ་འཁོལ་བའི་ཨ་ཅག”“ཡ་རབས་ལྡན་པའི་ཡུལ་སྲོལ་དང་། གྲོང་སྲོལ། དམངས་སྲོལ་བཅས་སྐྱེད་སྲིང་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་མང་ཚོགས་དབུལ་པོའི་ཕྱུག་འགྱུར་འདུན་པ་འཕེལ་བར་བྱེད་པ། ཁོང་ཚོའི་དབུལ་སྒྲོལ་གྱིས་ཡིད་ཆེས་བརྟན་དུ་གཏོང་རོགས་བྱེད་པ། དབུལ་སྒྲོལ་བྱེད་བསམ་པ་དང་ཕྱུག་འགྱུར་ཐུབ་པའི་མང་ཚོགས་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་དབུལ་སྒྲོལ་དེ་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་གྱུར་བ་བྱས་ཡོད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཁྲི་སྡེ་གྲོང་ཚོའི་གྲོང་མི་པད་མ་ཚེ་དབང་གི་གྲོང་ཚོའི་རོགས་སྐྱོར་ཤུགས་ཆེན་དང་གྲོང་ཚོའི་ལས་བྱེད་པའི་སྐུལ་ལྕག་དང་། དེ་བཞིན“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲིད་སྟོན་ལ་བརྟེན་ནས། སྔོན་ཆད་ཉི་མ་གང་འཁྱོལ་བྱེད་མཁན་ནས་ད་ཆ་འཇོན་ཐང་ཅན་དུ་གྱུར་པ་མ་ཟད། ས་གནས་དེ་གའི་ཡུལ་དམག་སྐོར་གཡེང་རུ་ཁག་གི་ཁོངས་མིར་ཡང་གྱུར་ཡོད།
དངོས་དངོས་རྗེན་རྗེན་གྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་རང་ལྗོངས་ཀྱི་མང་ཚོགས་དབུལ་པོ་ཚོས“སྒུག་རྟེན་སློང་གསུམ”གྱི་བསམ་བློ་རིམ་བཞིན་དོར་ནས་ལས་ཀར་བྱེད་སེམས་ཀྱིས་ཁེངས་བཞིན་དཀའ་སྤྱད་ལས་ལ་གཞོལ་ཏེ། དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་བར་འགྱུར་ལྡོག་བྱུང་སྟེ་ཕྱི་དངོས་པོ་དང་ནང་སེམས་གཉིས་ཀ་དབུལ་སྒྲོལ་ཐུབ་པའི་ཕན་འབྲས་བཟང་པོ་ཐོན་ཡོད།
མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་དེ་ལྡོག་རྩིས་རྒྱག་པའི་དུས་མཚམས་སུ་སླེབས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁ་ཕུ་ཐག་གཅོད་པའི་རྣམ་པའི་ཐོག་ནས་མཐའ་མའི་གདོང་མཆོང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་། ས་མཐོའི་བུ་ཕྲུག་རྣམས་ཡར་ལངས་ཞིང་བྲན་ནས་རང་ཁྱིམ་རང་བདག་བྱུང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་གྱི་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་སླར་ཡང་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣