ཀློག་པ་པོ་ལྷན་རྒྱས་ལ་ཞུ་རྒྱུར།
ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རེད། དེས་ན། འདི་ག་སྐད་འཕྲིན་སྤྱི་སྟེགས་ཀྱིས་གྲ་སྒྲིག་ཞིབ་ཚགས་དང་འཆར་གཞི་ལེགས་པར་བཀོད་ནས་ད་ལོའི་ཟླ་5པའི་ཚེས་11ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་སྐབས་མི་འདྲ་བའི་ནང་གནང་བའི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་གསུང་བཤད་ཀྱི་ཉིང་བཅུད་སྒྲ་དང་ཡི་གེའི་ལམ་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དང་སྙན་ལམ་དུ་ཕུལ་བས། ཀློག་པ་པོ་མང་པོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་འདུག དེར་བརྟེན། དེ་རིང་ནས་བཟུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྐོར་གྱི་ལེགས་བཤད་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དང་སྙན་ལམ་དུ་འབུལ་རྒྱུ་ཡིན་པས། ལྷན་རྒྱས་ཀྱིས་དུས་ཐོག་ཏུ་གསན་གཟིགས་གནང་བར་ཞུ།
རང་རེའི་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་རྟག་པར་མི་དམངས་ཀྱི་འདོད་འདུན་དང་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། བློ་སེམས་འགུག་ཤུགས་ཤིན་ཏུ་ཆེ་བའི་འབད་འཐབ་དམིགས་ཚད་བཏོན་ཏེ། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དེར་འབད་འཐབ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གསར་པར་གཞིགས་པ་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གསར་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་བསྟུན་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་འཐུས་སྒོ་ཚང་དུ་བཏང་བ་དང་། སྲིད་ཇུས་ཀྱི་སྟོན་ཕྱོགས་དེ་བས་ཁ་གསལ་བ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ལ་དེ་བས་དམིགས་པ། མི་དམངས་ཀྱི་འདོད་འདུན་དང་དེ་བས་བསྟུན་པ་བཅས་ཀྱི་བླང་བྱ་གསར་པ་བཏོན་ཡོད། དམིགས་ཚད་དང་བླང་བྱ་འདི་དག་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་དང་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བླང་བྱ་གསར་པ་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱི་ཡོངས་ཀྱི་བཀོད་པ་དང་ཡང་གཅིག་མཚུངས་བྱུང་ཡོད། དེར་བརྟེན། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་སེམས་གཅིག་མཐུན་དང་། དཀའ་སྤྱད་སྙིང་རུས། གསར་གཏོད་ལྷུར་ལེན། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་མཉམ་དུ་འབད་འཐབ་བྱེད་དགོས།
—— 2012ལོའི་ཟླ་11ཚེས་17ཉིན།《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་དགོས》ཞེས་པ་ལས་དྲངས།