ལྷོ་ཁ་གྲོང་ཁྱེར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་150ལྷག་ཙམ་བསྐྱོད་ཚེ་ལྷུན་རྩེ་རྫོང་དུ་སླེབས་ཀྱི་ཡོད། ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་རྒྱལ་གཅེས་མཐའ་མཚམས་སྲུང་བའི“ཡུལ་སྨད་ཀྱི་སྙིང་སྟོབས”ནི་གནས་འདི་ནས་བྱུང་བ་རེད། མཐའ་མཚམས་སུ་ཆགས་པའི་རྫོང་སྟེ། ལྷུན་རྩེའི་རང་བྱུང་གི་བཀོད་པ་མཛེས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཡངས་ཤིང་། དེ་ནི་ཞིང་འབྲོག་ལས་ཀྱི་རྫོང་ཆེན་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྫོང་ཞིག་རེད།
རྫོང་གྲོང་དང་ཐག་རིང་པོ་མེད་པའི“ཤ་ཚལ་སྒོང་གསུམ”འདུ་འགོད་གླིང་གི་རྒྱ་ཁྱོན་མུའུ་259ཟིན་པ་དང་རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་5160.41བཏང་བ་རེད། གླིང་ཁུལ་དུ་བསྐྱོད་ཚེ་དྲོད་ཁང་24གྲལ་སྟར་བསྒྲིགས་ཤིང་། དྲོད་ཁང་དུ་ཀྲོ་མ་ཀྲུ་དང་། ནན་ཀྭ པད་ཚལ་ལ་སོགས་པའི་སྔོ་ཚལ་སྐྱེ་འཚར་ཡག་པོ་ཡོད་པ་རེད།
གླིང་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིཌ་ན། “ཤ་ཚལ་སྒོང་གསུམ”འདུ་འགོད་རྣམ་གྲངས་ཀྱིས“ཀུང་སི+རྟེན་གཞི+དུད་ཚང་དབུལ་པོའི”འཁོར་སྐྱོད་རྣམ་པ་སྤྱད་པ་དང་། ལོ་རེར་ཐོན་སྐྱེད་བྱས་པའི་སྔོ་ཚལ་རྒྱ་མ་ཁྲི་250ལྷག་ཙམ་ཟིན་གྱི་ཡོད། གླིང་ཁུལ་དུ་གསར་འགོད་པས་མི་སེར་ཚོར་ལག་རྩལ་སློབ་བཞིན་པའི་ཆོས་འཕེལ་མཐོང་བྱུང་།
2017ལོར་ཆོས་འཕེལ་ཞོལ་གསར་ཤང་ནས་ལྷུན་རྩེ་གྲོང་རྡལ་དུ་གནས་སྤོས་པ་དང་འཚོ་བར་ཡང་དེ་དང་བསྟུན་ནས་འཕོ་འགྱུར་ཆེན་པོ་བྱུང་བ་རེད།
“དེ་སྔོན་ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་ནས་འདེབས་པར་བརྟེན་པས་འཚོ་བ་ཡག་པོ་སྐྱེལ་ཐུབ་ཀྱི་མེད་ལ། ཡོང་འབབ་མང་དུ་གཏོང་བའི་བསམ་བློ་ཡང་འཁོར་མྱོང་མེད། གནས་སྤོས་རྗེས་སྲིད་གཞུང་གིས་ང་ཚོར་ལས་གནས་མཁོ་འདོན་བྱས་ཤིང་། ང་ལ་སྔོ་ཚལ་སྣ་ཚོགས་ཀྱི་འདེབས་རྩལ་བསླབས་བྱུང་ལ། བུ་དང་བུ་མོ་གཉིས་ཀྱང་ཐག་ཉེ་ས་དང་སྟབས་བདེ་སར་སློབ་གྲྭར་འགྲོ་ཐུབ་བྱུང་། སྔོན་གྱི་བསམ་བློ་ནི་ཅི་འདྲའི་གུ་དོག་པ་ཞིག་རེད་ཨང་། ང་ཚོས་སྔར་བས་ཡག་པའི་འཚོ་བའི་ཆེད་དུ་འབད་བརྩོན་བྱེད་དགོས”ཞེས་ཆོས་འཕེལ་གྱིས་གསར་འགོད་པར་བརྗོད། ད་ཆ་ཁོང་དང་བཟའ་ཟླ་གླིང་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་ཁོ་གཉིས་ཀྱི་ཟླ་རེའི་ཟླ་ཕོགས་བསྡོམས་སྒོར་8000ལྷག་ཟིན་གྱི་ཡོད་པ་མ་ཟད། ཁ་ལག་དང་སྡོད་ས་ཡང་མཁོ་འདོན་བྱེད་ཀྱི་ཡོད་ལ། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་ཀྱང་རག་གི་ཡོད།
ད་ཆ། ཆོས་འཕེལ་དབུལ་སྒྲོལ་ཐུབ་པ་མ་ཟད། ད་དུང་ཚད་ལྡན་གྱི་ལག་རྩལ་པ་དང་དོ་དམ་པ་ཞིག་ཏུ་གྱུར་ལ། སེམས་ཁོངས་སུ་ཕུགས་འདུན་ཆུང་ཆུང་ཞིག་ཀྱང་བྱུང་བ་རེད། “ངས་རང་ཉིད་ཀྱིས་སྦྱངས་བའི་ལག་རྩལ་ཚང་མ་མི་དེ་བས་མང་པོར་བསླབས་ནས་ང་ཚོའི་ལས་དོན་མི་སྣ་ཚོས་དེ་བས་ཡག་པའི་འཚོ་བ་སྐྱེལ་བར་སྣེ་ཁྲིད་བྱེད་ཀྱི་ཡིན”ཞེས་ཆོས་འཕེལ་གྱིས་བརྗོད།
ལྷུན་རྩེ་རྫོང་གི་ཁྱད་ལྡན་ཐོན་ལས་སྔར་བས་འཕེལ་རྒྱས་བཏང་ནས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱ་ཆེད། 2018ལོའི་ཚུན་དུ། རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.23བཏང་ནས་ལྷུན་རྩེ་རྫོང་གཉལ་གཞུང་ཚད་ལྡན་ཅན་གྱི་བཞོན་མ་གསོ་འཕེལ་རྟེན་གཞི་བཙུཌ་པ་རེད།
གསོ་སྤེལ་རྟེན་གཞིར་སླེབས་པ་ན། གཞུང་ལམ་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་། ཐོན་སྐྱེད་ཁུལ་དང་། འཚོ་བའི་དོ་དམ་ཁུལ། གཟན་ཆས་ཁུལ། ལྕི་ལུད་ཁུལ་བཅས་ཁ་འགྲེམས་དུ་གནས་ཤིང་། བཞོན་མ་དག་ཕྱུགས་ཚང་དབྱེ་ནས་སྟར་པ་གཉིས་སུ་བཀར་བ་དང་། གསོ་ཚགས་བཟོ་པས་གོ་རིམ་བཞིན་བཞོན་མར་གཟན་ཆས་སྟེར་བཞིན་འདུག གཟན་ཆས་ལས་སྣོན་ཁང་དུ་ལས་ཀར་ཞུགས་མ་ཐག་པའི་སློབ་ཆེན་སློབ་མས་ས་མེད་འདེབས་གསོའི་ལག་རྩལ་སྤྱད་དེ་སྲན་མ་དང་ནས་སོགས་གཟན་ཆས་འདེབས་བཞིན་ཡོད་པ་དང་། འཕྲུལ་ཆས་ཀྱིས་འོ་མ་བཞོ་བ་དང་འོ་མའི་སྤུས་ཚད་ཞིབ་བཤེར་ཚད་ལེན་སོགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་མཆིས།
རྟེན་གཞི་དེའི་འགན་འཁུར་བ་བག་གྲོས། ད་ཆ་རྟེན་གཞིར་བཞོན་མ་800ལྷག་ཙམ་ཡོད་པ་དང་ཉིན་རེའི་འོ་མ་ཐོན་ཚད་རྒྱ་མ་5000ཟིན་གྱི་ཡོད། 2018ལོའི་ཟླ་10པར་ལས་འགོ་ཚུགས་པ་ནས་བཟུང་འོ་མ་སོས་པ་དང་། ཕྱུར་བ། མར། བེའུ་སོགས་ཕྱིར་ཚོང་བྱས་པ་བརྒྱུད་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་765བྱུང་ནས་མི་95ལས་ཞུགས་ཐུབ་ཡོད། དེའི་ནང་དུད་ཚང་དབུལ་པོ་44ཡི་ཟླ་རེའི་ཡོང་འབབ་སྒོར་4000ལྷག་ཙམ་ཟིན་པ་དང་། སློབ་ཆེན་སློབ་ཐོན་སློབ་མ་20ཡི་ཟླ་རེའི་ཡོང་འབབ་སྒོར་5000ཟིན་ཡོད་པ་རེད། 2019ལོར་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ692ལ་མི་རེར་ཁེ་སྤོགས་སྒོར་1000བགོས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
ད་ལོར་ལོ་26ལ་སླེབས་པའི་སྤེན་པ་ཚེ་རིང་2017ལོར་ཧོ་པེ་ཁོར་ཡུག་ལས་གྲྭའི་སློབ་གླིང་ནས་ཐོན་པ་དང་། “སློབ་གྲྭ་ནས་ཐོན་མ་ཐག་ངས་འདི་གར་ལས་ཀ་བྱས་པ་ཡིན་ལ། ཟླ་རེར་ཟླ་ཕོགས་སྒོར་6000ཡོད། རང་ཉིད་གནས་འདི་ནས་འཚར་ལོངས་བྱུང་ཞིང་། ཕ་ཡུལ་ལ་གཞན་དང་མི་འདྲ་བའི་བརྩེ་བ་ཟབ་མོ་ཡོད་པས། ཕྱིར་རང་ཡུལ་དུ་ལོག་ནས་ལས་ཀ་བྱེད་པའི་སེམས་ཐག་བཅད་པ་ཡིན”ཞེས་སྤེན་པ་ཚེ་རིང་གིས་གསར་འགོད་པར་བརྗོད།
སྤེན་པ་ཚེ་རིང་གིས“ངས་འདི་ནས་ཤེས་བྱ་མང་པོ་ཤེས་བྱུང་། ཐོག་མར་གང་ཡང་ཤེས་ཀྱི་མེད་ལ། ད་ཆའི་གསོ་ཚགས་དང་སྒྲིག་ཆས་བེད་སྤྱོད་གཏོང་ཤེས་ཀྱི་ཡོད། འདི་ནི་དངོས་གནས་འགྲིལ་བཞུད་གསར་པ་ཞིག་རེད”ཅེས་བརྗོད། ད་ཆ་ཁོང་གསོ་ཚགས་རྟེན་གཞིའི་ཁྲང་ཀྲང་གཞོན་པར་གྱུར་ཡོད།
ད་ཆ་བཞོན་མ་གསོ་ཚགས་ཀྱི་གོ་རིམ་ཧྲིལ་པོའི་གཟན་ཆས་སྡེབ་སྦྱོར་དང་། དུས་རྒྱུན་གྱི་གསོ་ཚགས། ལྕི་ལུད་གཙང་སེལ་བཅས་ཚང་མ་འཕྲུལ་ཆས་ལ་རྟེན་གྱི་ཡོད་པ་དང་། ཐ་ན་ལྷས་རའི་ལྕི་ལུད་ལའང་སྲ་གཤེར་དབྱེ་འབྱེད་བྱེད་ཐབས་སྤྱད་དེ་སྐྱེ་ལྡན་ལུད་སྦྱོང་བ་དང་། དེ་དག་གཟན་ཆས་རྟེན་གཞི་དང“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་སྔོ་ཚལ་འདེབས་འཛུགས་ཐད་སྤྱད་ནས་འཁོར་རྒྱུག་གི་ཞིང་ལས་དཔལ་འབྱོར་མངོན་འགྱུར་བྱུང་བ་རེད།
ཁྱད་ལྡན་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་བཏང་ནས་ལས་ཞུགས་ལས་གནས་དེ་བས་མང་པོ་མཁོ་འདོན་དང་། མཐའ་སྐོར་གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ་བརྒྱུད། མཐའ་མཚམས་ལྷུན་རྩེས་དབུལ་སྒྲོལ་ལ་སྐུལ་འདེད་དང་ལས་ཞུགས་ལ་སྣེ་ཁྲིད་བྱས་ཏེ་འབབ་འཕར་བརྟན་དུ་གཏོང་བའི་ལམ་བུ་གསར་པ་བཏོད་ལ། ལམ་བུ་དེ་ད་དུང་མུ་མཐུད་ཡངས་སུ་འགྲོ་ངེས།