དབུ་ཤོག>ཆེད་སྒྲིག
  • བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་གྱི་འཕེལ་རྒྱས་དང་ཕྱུག་འགྱུར་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-08-21

    762990_yis_1597896260090_s.jpg

    འདི་ནི་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་རྣམ་པ་ཡིན་པ།

    ཆབ་མདོ་གྲོང་ཁུལ་ནས་རྒྱལ་ལམ་214བརྒྱུད་དེ་ལྷོ་ཕྱོགས་སུ་གཉན་ལའི་ཕུག་ལམ་བར་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་རྗེས་གཉན་ལ་རི་གཤམ་དུ་འབྱོར་གྱི་ཡོད། དེ་ནས་རི་ཚོགས་ཀྱིས་སྐོར་བ་དང་། སྔོ་ལྗང་ལྗོན་ཤིང་གིས་ཡོངས་སུ་བཀླུབས་པ། སྐྱེས་སྟོབས་ཀྱིས་དཔལ་འབར་བ་བཅས་ཀྱི་མི་རིགས་ཀྱི་ཁྱད་ཆོས་ཟབ་པའི་ཚོང་འདུས་གྲོང་རྡལ་ཞིག་མིག་ལམ་དུ་འཆར་ཐུབ།

    དེ་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ཡིན་ཞིང་། དེ་ནི“ཤེས་དཔལ་དང་། འཕྲོད་བསྟེན། ཡུལ་སྐོར། སྣོད་བཅུད། ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། གཉིས་བཀུར་དཔེ་བཟང”གི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། དཀྱིལ་ཐང་གྲོང་རྡལ་གྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་དང་འཚོ་སྡོད་རུང་བའི་ཚོང་འདུས་གྲོང་རྡལ་གཏོད་རྒྱུ”དམིགས་ཡུལ་དུ་བྱས་ཏེ། ས་གནས་དེ་གའི་ཆུ་ཚན་ཐོན་ཁུངས་གསར་སྤེལ་དང་། དེ་བཞིན་ཡུལ་སྐོར་དང་། ལྟ་སྐོར། སྤྲོ་གསེང་སོགས་ཀྱི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་གཞི་རྟེན་དུ་བྱས་ནས། “ཆུ་ཚན་སྤྲོ་གསེང་དང་། སྣོད་བཅུད་ཞིང་ནགས། མཁའ་འགྲུལ་ཟོག་འགྲེམས། དམངས་སྲོལ་ཉམས་ལེན”བཅས་གཞི་གཅིག་ཏུ་འདུས་པའི་ཁམས་པའི་ཁྱད་ལྡན་ཆུ་ཚན་ཚོང་འདུས་གྲོང་རྡལ་གསར་པ་ཞིག་ཧུར་ཐག་བཏོད་ཡོད། ད་ཆ“ལྟེ་བ་གཅིག་དང་། ཁྲོམ་གཞུང་གཅིག ཁུལ་མང་བ”བཅས་ཀྱི་ཚོང་འདུས་གྲོང་རྡལ་དེ་ནས་རྣམ་པ་གསར་རྐྱང་ཞིག་མངོན་བཞིན་ཡོད།

    སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཁྱད་ལྡན་ཚོང་འདུས་གྲོང་གསར།

    དཀྱིལ་ཐང་གྲོང་རྡལ་ནི་བྲག་གཡབ་རྫོང་གི་ནུབ་བྱང་རྒྱུད་དུ་གནས་ཤིང་། དེ་ནས་སྤང་མདའ་གནམ་ཐང་བར་ལམ་ཐག་སྤྱི་ལེ་63ཡོད། དེ་ནི་བྲག་གཡབ་རྫོང་གི་སྒོ་མོ་རེད་ལ། ཁྲོན་བོད་གཞུང་ལམ་གྱི་ལྷོ་ལམ་དང་ཡུན་བོད་གཞུང་ལམ་ནས་ཆབ་མདོར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཀྱང་རེད།

    འོན་ཀྱང་2015ལོའི་གོང་འདི་གའི་མང་ཚོགས་ཀྱི་སྡོད་ཁང་གོག་ཧྲུལ་ཡིན་ལ་རྨང་གཞིའི་སྒྲིག་བཀོད་ཀྱང་ཧ་ཅང་ཞན་པས། ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་དང་ཡུལ་སྐོར་བའི་ཡིད་དབང་གཏན་ནས་འགུགས་ཐབས་བྲལ་ནས་མང་ཚོགས་ཀྱི་ཡོང་འབབ་གསོག་ལམ་ཧ་ཅང་ཉུང་ཉུང་རེད།

    ས་ཁམས་ཁོར་ཡུག་གི་ལེགས་ཆ་གང་ལེགས་སྤྱད་ནས་བོད་ཤར་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཚིགས་སྐྲུན་ཆེད། 2015ལོར་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། བྲག་གཡབ་རྫོང་གིས་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཆར་འགོད་འཛུགས་སྐྲུན་བྱེད་འགོ་བཙུགས།

    “2016ལོར། དཀྱིལ་ཐང་གྲོང་རྡལ་དེ་ཉིད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ཁུལ་གྱི་གྲས་སུ་བཅུག་པ་དང་། དེ་ནི་ཆབ་མདོའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་4ཡི་གྲས་ཤིག་རེད”ཅེས་དཀྱིལ་ཐང་གྲོང་རྡལ་གྱི་ཀྲེན་ཀྲང་ཀྲའོ་ཞའོ་ཧྥུང་གིས་ངོ་སྤྲོད་བྱས།

    དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་བྱེད་རིང་གཟེངས་སུ་ཐོན་པའི་གྲུབ་འབྲས་མི་ཉུང་བ་ཐོབ་པ་སྟེ། བྲག་གཡབ་རྫོང་ཡ་ཅི་མ་འཇོག་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་5.16བཏང་ནས་གད་སྙིགས་སྦས་ས་དང་། ཆུ་ལོག་གཤོང་ས། མི་བཟོས་མཚེའུ། སྤྱི་གླིང་། གྲོང་སྲིད་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་2500བཏང་ནས་ཚད་ལྡན་ཅན་གྱི་སློབ་ཆུང་དང་དེ་བཞིན་འཕྲོད་བསྟེན་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་པ། ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་1.34བྱས་ནས་ཆུ་ཚན་ཨར་ཁང་དང་། ཀོང་ཏུང་གྲོང་གསར་གྱི་ཚོང་ལས་གསར་སྤེལ་རྣམ་གྲངས། སྣུམ་སྣོན་ས་ཚིགས། ཞོལ་ཐུང་འདེབས་གསོའི་འཁོར་རྒྱུག་ཞིང་ལས། ཨར་ལས་རྒྱུ་ཆའི་བཟོ་གྲྭ་སོགས་ཐོན་ལས་འཛུགས་སྐྲུན་བྱས་པ། ཐོན་ལས་དབུལ་སྐྱོར་ཐད་མ་དངུལ་སྒོར་ཁྲི་6400བཏང་ནས་བོད་ཤར་རྒྱུད་ཀྱི་དེང་རབས་ཞིང་འབྲོག་ལས་དཔེ་སྟོན་གླིང་དང་སྒྲོལ་མ་ཆུ་ཚན་སོགས་བསྐྲུན་པ་རེད།

    2019ལོའི་ཟླ་10པར་ཚོང་འདུས་གྲོང་རྡལ་བསྐྲུན་རྗེས་ཁམས་པའི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད། ལྷོ་བྱང་གཉིས་ཀྱི་ཁྲོམ་གཞུང་གི་འཕེལ་རྒྱས་ལ་བལྟས་ན། ཐོན་ལས་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་བྱུང་བ་དང་སྔོ་ལྗང་མཛེས་ལྗོངས་ཁུལ་གྱིས་བརྒྱན་ཅིང་། དམངས་ཕན་དྲ་ཚིགས་དང་། ལུས་གསོ་ལྟེ་གནས། སྲིད་གཞུང་སྒྲིག་གཞི། སློབ་གྲྭའི་སྨན་ཁང་བཅས་ཚང་མ་དེ་གར་འཛོམས་ཡོད་པ་དང་། འཚོ་བའི་དགོས་མཁོ་དང་སྲིད་དོན་ཞབས་འདེགས་གང་དགོས་ཆ་ཚང་ཡོད་ཅིང་། འཕེལ་རྒྱས་གསར་པ་བྱུང་བའི་དཀྱིལ་ཐང་གྲོང་རྡལ་ནས་བཀྲག་མདངས་འཚེར་འགོ་ཚུགས།

    ཚོང་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ།

    ཁམས་པའི་ཡུལ་སྲོལ་གོམས་གཤིས་ཀྱི་ཚོང་ལས་རྐང་ཐང་ཁྲོམ་གཞུང་དུ“ཟ་ཁང་ཨ་མ”ཞིག་ཡོད། ཟ་ཁང་དེའི་སྦྱིན་བདག་ཁྲེན་ཝེ་ནི“ལོ་རབས་90པའི་ནང་སྐྱེས”ཀྱི་ཕོ་གཞོན་ཞིག་ཡིན་པ་དང་ཁོང་དང་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་ལས་དབང་སྐོར་གླེང་ན། 2018ལོའི་ཟླ་9པ་ནས་བཟུང་མ་གླེང་རང་གླེང་རེད།

    2018ལོའི་ཟླ་9པར་བྲག་གཡབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆབ་མདོ་གྲོང་ཁྱེར་ཇ་རྟའི་ཐང་ཆེན་དུ་བྲག་གཡབ་རྫོང་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རྣམ་གྲངས་ཀྱི་ཚོང་ལས་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། ཁྲེན་ཝེ་ལམ་དེ་བརྒྱུད་ནས་འགྲོ་སྐབས་འཁྲུག་ཆ་དོད་པའི་རྣམ་པ་དེ་མཐོང་ནས་ལྟད་མོ་ལྟ་བར་བསྐྱོད། ལྟད་མོ་བལྟས་རྗེས་ཁོང་ལ་མ་དངུལ་འཇོག་པའི་འདུན་པ་དྲག་པོ་འཆར།

    “གན་རྒྱའི་དུས་ཡུན་ལོ་5ཡིན་པ་དང་། ལོ་དང་པོར་ཁང་གླ་གཏན་ནས་སྤྲོད་མི་དགོས་པ་དང་། ལོ་གཉིས་པར་ཁང་གླ་ཕྱེད་ཀ་ལས་སྤྲོད་མི་དགོས་པ། ལོ་གསུམ་པར་ཁང་གླ་30%གཅོག་རྒྱུ་སོགས་སྲིད་ཇུས་བཟང་པོ་མང་དག་ཅིག”ལས་དོན་མི་སྣས་ངོ་སྤྲོད་བྱས་པས་ཁྲེན་ཝེ་ཡིས་དྲིལ་བསྒྲགས་ཡི་གེ་ཁྱེར་ནས་བཟའ་ཟླ་དང་གྲོས་བསྡུར་བྱས་རྗེས་སླར་ཡང་དཀྱིལ་ཐང་གྲོང་རྡལ་གྱི་ས་ཆ་དངོས་སུ་ཁྲོམ་རར་རྟོག་ཞིབ་བྱེད་པར་སྐྱོད། མཐར་ཁྲེན་ཝེ་བཟའ་ཚོས་དེ་སྔ་སྤང་མདའ་ཁྲོམ་གཞུང་དུ་གཉེར་བའི་ཡུན་ནན་ཁྱད་ལྡན་རྩིབ་ཤ་ཟ་ཁང་དེ་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་དུ་སྤོ་རྒྱུའི་ཐག་བཅད་པ་རེད།

    ཟ་ཁང་བཙུགས་མ་ཐག་འགྲུལ་པ་ཧ་ཅང་ཉུང་བ་དང་ཚོང་ཉིན་བཞིན་ཇེ་སྡུག་ཏུ་འགྲོ་བ་མཐོང་སྐབས་ཁྲེན་ཝེ་སེམས་ཁྲལ་ཆེན་པོ་བྱུང་ནས་ས་གནས་དེ་གའི་ལས་བྱེད་པ་བཙལ་ནས་དྲིལ་བསྒྲགས་བྱེད་རོགས་བྱེད་རྒྱུའི་རེ་བ་ཞུས།

    དཀྱིལ་ཐང་སྡེ་ཁུལ་གྲོང་ལྷན་གྱི་ལས་བྱེད་པ་བློ་རྒྱ་ཡིས་གནས་ཚུལ་དེ་ཤེས་རྗེས། ཟ་ཁང་དྲིལ་བསྒྲགས་བྱེད་པའི་ལས་འགན་རང་འགུལ་ངང་ཁུར་ནས་མང་ཚོགས་ཐུག་རིམ་བཞིན་ཟ་ཁང་བཙུགས་པའི་སྐོར་ཤོད་ཀྱི་ཡོད། དེ་ལྟར་རིམ་བཞིན་མཐའ་འཁོར་གྱི་གྲོང་མི་ཚོས་ཟ་ཁང་དེ་འདྲ་ཞིག་ཡོད་པ་ཤེས་ནས་སྐུ་མགྲོན་མང་དུ་སོང་བ་དང་ཁྲེན་ཝེ་བཟའ་ཚོས་ཀྱང་ས་གནས་དེ་ག་ནས་ཞབས་ཞུ་བ་ཞིག་གླས།

    གྲོང་ཁྱེར་དང་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་དཀྱིལ་ཐང་དུ་འགྲུལ་བཞུད་པ་རིམ་བཞིན་མང་དུ་ཕྱིན་པས་མང་ཚོགས་པད་མ་ལྷ་མོར་ཡང་ཚོང་རྒྱག་པའི་གོ་སྐབས་ཤིག་རགས་ཡོད། ད་ལོའི་ཟླ་ལྔ་པར། ཁོང་གིས་རང་ཁྱིམ་བཤིག་སྤོ་བྱས་པ་ལས་རག་པའི་ཚོང་ཁང་དེ་སྒྲོམ་སྟེགས་སྤོ་ལོ་ཁང་དུ་བཅོས་ནས་ཉེ་འཁོར་གྱི་མང་ཚོགས་ལ་སྤྲོ་གསེང་རོལ་རྩེད་བྱ་ཡུལ་གསར་པ་ཞིག་མཁོ་འདོན་བྱས་ཡོད། “སྐབས་དེ་དུས་སྒོར་2500བཏང་ནས་སྒྲོམ་སྟེགས་སྤོ་ལོའི་སྟེགས་བུ་གསར་པ་4ཉོས་ཏེ་སྟེང་ཁང་དུ་བསྒྲིགས་པ་དང་ཤོད་དུ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ནས་རྩེད་མོ་རྩེ་བར་ཡོང་མཁན་སྐུ་མགྲོན་ཚོར་བཏུང་བྱ་དང་ཞོར་ཟས་འཕྲལ་དུ་ཉོ་རྒྱུ་ཡོད་པ་བྱས་པས་ཉིན་གཅིག་ལ་ཡོང་འབབ་སྒོར་བརྒྱ་གཉིས་བརྒྱ་ཡོང་གི་འདུག”ཅེས་པད་མ་ལྷ་མོས་བཤད་བྱུང་།

    ད་ཆ་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་རྣམ་པ་ཉིན་བཞིན་འཁྲུག་ཏུ་འགྲོ་བཞིན་ཡོད་པ་སྟེ། ཆུ་ཚན་གྱི་ལུས་གསོའི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་དང་། མཚན་མོར་ནམ་མཁའི་སྐར་ཚོགས་དང་ཟླ་འོད་ལ་ལྟ་ཆོག་པ། ཟས་རིགས་སྣ་ཚོགས་མྱོང་རོལ་བཅས་བྱ་ཆོག་གི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཚོང་འདུས་གྲོང་རྡལ་དུ་གསོལ་མགྲོན་ཁང་4དང་དམངས་སྲོལ་མགྲོན་ཁང་2ཡོད་པ་མ་ཟད། ད་དུང་ཚོང་ཁང་སྣ་ཚོགས་33ཡོད།

    མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཉིན་བཞིན་ཆེ་རུ་ཕྱིན་པ།

    ཚོང་འདུས་གྲོང་རྡལ་འཕེལ་རྒྱས་ཕྱིན་པས་ཕྱོགས་གཅིག་ནས་མི་འབོར་འདུ་འཛོམས་བྱེད་ཤུགས་ཆེ་བ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་འཕེལ་རྒྱས་སོང་བ་ལས་མང་ཚོགས་ཕྱུག་པོ་ཆགས་པར་སྐུལ་ཁྲིད་ཀྱང་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་། ཁམས་པའི་མི་རིགས་གྱོན་ཆས་བཟོ་གྲྭ་དང་། སེ་ར་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་ཁང་། རུའེ་ཧྥུང་དེང་རབས་ཞིང་ལས་ཀུང་སི། བྲག་གཡབ་ཀུ་ཤུའི་སྣོད་བཅུད་འཛུགས་སྐྱོང་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས་24སྔ་རྗེས་སུ་དཀྱིལ་ཐང་དུ་གཞིས་ཆགས་ནས་མི་452ལས་ཞུགས་གཞན་སྒྱུར་ཐུབ་པས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཡོད།

    2019ལོར་གྲོང་རྡལ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11792ཟིན་པ་དེ་2013ལོ་ལས་ལྡབ་གཅིག་ཙམ་འཕར་ཡོད།

    ཁེ་ལས་སུ་ལས་ཞུགས་བྱེད་པ་ཕུད། ད་དུང་ཟ་ཁང་དང་། ཚོང་ཁང་། གསོལ་མགྲོན་ཁང་སོགས་ཀྱིས་ཀྱང་མི་སེར་ལ་འབབ་འཕར་གྱི་ཐབས་ལམ་དེ་བས་མང་བ་མཁོ་འདོན་བྱས་ཡོད། དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་བྱེད་རིང་། བློ་བཟང་དཔལ་མོ་ཨར་པོ་རྒྱག་ཡུལ་དུ་ལས་ཀར་བསྐྱོད། གང་ལགས་ཤེ་ན། ལག་རྩལ་སྣ་གཅིག་ཀྱང་ཤེས་ཀྱི་མེད་པས་རང་གི་ནུས་ཤུགས་ལ་བརྟེན་ནས་དངོས་པོ་དབོར་གྱི་ཡོད་པས་ཉིན་གང་ལས་ཀ་བྱས་ཀྱང་ཡོང་འབབ་སྒོར་130རག་གི་མེད།

    ཚོང་འདུས་གྲོང་རྡལ་སྐྲུན་མཇུག་འགྲིལ་བ་དང་བསྟུན་བློ་བཟང་དཔལ་མོའི་ཡོང་འབབ་གསོག་ས་ཡང་མཇུག་འགྲིལ། 2018ལོའི་ལོ་མཇུག་ཏུ་ཁོང་གིས་ཚོང་ལས་རྐང་ཐང་ཁྲོམ་གཞུང་གི་ཟ་ཁང་ཞིག་ཏུ་ཞབས་ཞུ་བའི་ལས་ཀ་བྱས། ཚོང་ཡག་པའི་སྐབས་སུ། ཟླ་གཅིག་ལ་གླ་ཆ་སྒོར་3800རག་གི་ཡོད།

    “དེ་སྔ་འདིའི་ཁུལ་དུ་ས་ཕག་གི་ཁང་པ་རྐྱང་རྐྱང་ཡིན་པས་སྦགས་བཙོག་ཆེ་ལ་ཟིང་ཆེན་པོ་ཡོད། ད་ལྟ་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་བྱས་ཡོད་ལ་ང་ལའང་ལས་ཀ་ཡོད་པས་དངོས་འབྲེལ་ཧ་ཅང་དགའ་པོ་འདུག”ཅེས་བློ་བཟང་དཔལ་མོས་དཀྱིལ་ཐང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་དང་འཕེལ་རྒྱས་འགྲོ་ཚུལ་མིག་མཐོང་ལག་ཟིན་བྱུང་ཞིང་། ད་ལྟའི་གཏན་འཇགས་ཀྱི་འཚོ་བར་ཡིད་ཚིམ་པོ་འདུག་ཅེས་བཤད་བྱུང་།

    ད་ཆ་འགྲུལ་པ་དེ་བས་མང་བ་དཀྱིལ་ཐང་དུ་ཞག་སྡོད་བྱས་ནས་ཟས་མཆོག་ལ་རོལ་བ་དང་། མཛེས་ལྗོངས་ལ་ལྟ་བ། ཆུ་ཚན་རྒྱག་པ་བཅས་གནས་དེ་ནས་བྲལ་འདོད་གཏན་ནས་བྱེད་ཀྱི་མེད། མུན་པ་རུབ་ཁར་དཀྱིལ་ཐང་གི་ཕོ་མོ་རྒན་གཞོན་ཚང་མ་ཐང་ཆེན་དུ་འཛོམས་ནས་ཡུལ་སྐོར་བ་དང་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་པ་དེ་ནི་རྒྱལ་ལམ་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།