དབུ་ཤོག>ཆེད་སྒྲིག
  • “རྒུན་འབྲུམ་ཐོན་ལས”ལས་ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-08-17

    ▲ ཡེ་ཤེས་རྒྱ་མཚོས་བརྗོད་པའི་བོད་ཤར་གཅེས་ནོར་ཆང་ལས་ཀུང་སི་ནི་སྲིད་གཞུང་གིས་འདེགས་སྐྱོར་བྱས་པའི་རྒུན་འབྲུམ་ཨ་རག་གི་སྣེ་འདྲེན་ཁེ་ལས་ཤིག་ཡིན།

    ▲ ད་ཆ་ཀུང་སིས་བརྒྱུད་བཤུག་ས་ཞིང་མུའུ་500ཡི་ཐོག་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་འབྲེལ“ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་ས་གནས་དེ་གའི་མང་ཚོགས་ཚོས་ཨ་རག་སྙོལ་བྱེད་རྒུན་འབྲུམ་མུའུ་2500འདེབས་རྒྱུར་བཀོད་སྒྲིག་བྱས་པ་དང་། ད་ཆ་ཀུང་སིར་ལོ་རེར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་3000ལྷག་ཙམ་བྱུང་བ་དང་ཆབས་ཅིག ལོ་རེར་ཞིང་འབྲོག་པ་700ལྷག་ཙམ་གནས་སྐབས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

    ▲ 2019ལོར་རྫོང་དེ་ཡོངས་ཀྱི་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་1.17ཟིན་ནས། ལོ་རེའི་ཐོན་ཚད་ཏུན་7200ལྷག་ཙམ་ཟིན་པ་དང་། རྒུན་འབྲུམ་ལས་སྣོན་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་7000ལྷག་ཙམ་ཟིན་ཡོད། མིག་སྔའི་བར། འདེབས་འཛུགས་དུད་ཚང་1459ཡི་སྣེ་ཁྲིད་པས་མི་གྲངས་9720ལ་འབབ་འཕར་བྱུང་བ་དང་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་213ཡི་མི་གྲངས་1039ཡོད་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6018ཟིན་ཡོད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲོང་ནས་ཐོན་ཏེ་རྒྱལ་ལམ་214བརྒྱུད་ལྷོ་ངོས་སུ་སྤྱི་ལེ་100ལྷག་ཙམ་སྐྱོད་པ་དང་། ས་བབ་མཐོ་ཚད་སྨི་4500ཙམ་ཟིན་པའི་ཧུང་ལ་རི་བོ་བརྒལ་ཚེ། རྫ་ཆུའི་ངོགས་སུ་ཆགས་པའི་སྨར་ཁམས་རྫོང་གི་ཆུ་ཚན་ཁ་དང་། ཚྭ་ཁ་ལྷོ། རྨོ་ཤོད་བཅས་ལྷོ་རྒྱུད་ཤང་གསུམ་དུ་འབྱོར་ཞིང་། དེང་གི་དུས་སུ། རྫ་ཆུའི་ངོགས་ཀྱི་ཚ་བ་ཆེ་བའི་ལུང་ཤུར་རྒྱུད་དུ་གནས་པའི་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་གི་ས་ཕྱོགས་གང་ས་སྔོ་ཐིང་ངེར་གྱུར་ནས་རྒུན་འབྲུམ་སྨིན་པའི་ནམ་དུས་ཡིན་པ་དང་། ལོ་50ལ་སླེབས་པའི་བོད་རིགས་ཡུལ་མི་ཡེ་ཤེས་རྒྱ་མཚོ་དང་ཁོང་གི་བུ་མོ་པ་སངས་དབང་མོས་རྒུན་འབྲུམ་ལྡུམ་རའི་ནང་རྩྭ་ངན་འཐུ་བཞིན་འདུག

    རྒྱང་རིང་དུ་བརྗིད་ཆགས་གངས་རི་དང་། ཉེ་འགྲམ་དུ་སྐྱེ་འཚར་བཟང་པའི་རྒུན་འབྲུམ་མཐོང་རྒྱུ་ཡོད་ཅིང་། རྒུན་འབྲུམ་ལྡུམ་རའི་ནང་སྐྱོད་སྐབས། ཡེ་ཤེས་རྒྱ་མཚོའི་གདོང་ལས་དགའ་སྤྲོའི་འཛུམ་མདངས་མངོན་གྱི་འདུག

    ཚྭ་ཁ་ལྷོ་འཇང་མི་རིགས་ཤང་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། ལོ་རྒྱུས་ཐོག་གི་ཇ་རྟ་གནའ་ལམ་དུས་སུ་ཡུན་ནན་དང་སི་ཁྲོན་ནས་བོད་ལྗོངས་སུ་ཡོང་སའི་ས་ཚིགས་གལ་ཆེན་ཞིག་རེད། དེ་ཁུལ་གྱི་ཐོན་ཁུངས་གཙོ་བོ་ཚྭ་ཡིན་པ་དང་སྲོལ་རྒྱུན་གྱི་ཚྭ་བཟོའི་ལས་རྩལ་ལྡན་པས། བོད་སྐད་ལ་ཚྭ་ཁ་ལྷོ་ཞེས་གྲགས། ལོ་ངོ་མང་པོའི་རིང་། འདི་ཁུལ་གྱི་ཡུལ་མི་ཚོས་མི་རབས་ནས་མི་རབས་བར་རྫ་ཆུའི་ངོགས་གཉིས་ཀྱི་ཚྭ་ཞིང་མང་པོར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ། ཚྭ་ཁ་ལྷོའི་ཚྭ་སྐམ་བཟོའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད།

    ཡེ་ཤེས་རྒྱ་མཚོའི་ཁྱིམ་ལ་ཚྭ་ཞིང་5ཡོད་པ་དང་། དེ་སྔ། སྲོལ་རྒྱུན་གྱི་ཚྭ་ཞིང་ལ་ཚྭ་ཐོན་ཚད་དམའ་བ་དང་བྲིན་ཁ་རྒྱུག་པོ་མེད་པས། ལོ་རེར་ཁྱིམ་ཚང་ལ་ཚྭ་འཚོང་བའི་ཡོང་འབབ་སྒོར་4000ཙམ་ལས་རག་གི་མེད། ཉེ་བའི་ལོ་ཤས་རིང་། ས་གནས་དེའི་སྲིད་གཞུང་གིས“ལོ་ངོ་སྟོང་གི་ཚྭ་ཁ་ལྷོའི་ཚྭ་ཞིང”ལ་གཞིགས་ནས་ཡུལ་སྐོར་ཐོན་ལས་བཏོད་པ་དང་བསྟུན། ཡུལ་སྐོར་དུ་ཡོང་མཁན་རིམ་གྱིས་མང་དུ་ཕྱིན་པས། ཡེ་ཤེས་རྒྱ་མཚོའི་ཁྱིམ་གྱི་ཚྭ་ཞིང་ལས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད། དེས་མ་ཚད། སྨར་ཁམས་རྫོང་གིས་ཚ་བ་ཆེ་བའི་ལུང་ཤུར་རྒྱུད་ཀྱི་ས་བབ་དམའ་བ་དང་། དྲོད་ཚད་ཧེ་བག་ཆེ་བ། ཉི་འོད་ཕོག་མང་བ་བཅས་ཀྱི་གནམ་གཤིས་ཀྱི་ལེགས་ཆ་སྤྱད་དེ། ས་གནས་དེ་གས་ལོ་ངོ་150ལྷག་ཙམ་རྒུན་འབྲུམ་འདེབས་པ་དང་རྒུན་འབྲུམ་ཨ་རག་སྙོལ་བའི་ལོ་རྒྱུས་རིག་གནས་སྔོག་འདོན་བྱས་ནས། ཆུ་ཚན་ཁ་དང་། ཚྭ་ཁ་ལྷོ། རྨོག་ཤོད་བཅས་ཤང་གསུམ་དུ་རྒུན་འབྲུམ་འདེབས་པ་དང་རྒུན་འབྲུམ་ཨ་རག་སྙོལ་བའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། དེ་ཉིད་མང་ཚོགས་དབུལ་སྒྲོལ་འབབ་འཕར་གྱི་ཐོན་ལས་ལེགས་གྲས་ཤིག་ཏུ་གྱུར་ཡོད། ད་ཆ་ཐོན་ལས་འཕེལ་རྒྱས་ཕྱིན་པའི་དབང་གིས་ཡེ་ཤེས་རྒྱ་མཚོའི་ཁྱིམ་གྱི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

    “དེ་སྔ་ང་ཚོའི་ཁྱིམ་གྱིས་ནས་ཞིང་བཏབ་པ་དང་། མུའུ་གཅིག་ལ་ནས་ཐོན་འབབ་རྒྱ་མ་700ཙམ་ལས་མེད། རྒྱ་མ་རེར་སྒོར་1.3བྱས་ནས་རྩིས་བརྒྱབ་ན། མུའུ་གཅིག་ལ་ཡོང་འབབ་སྒོར་1000ཙམ་ལས་ཡོང་གི་མེད”ཅེས་ཡེ་ཤེས་རྒྱ་མཚོས་བརྗོད་པ་དང་། ཁོང་གིས། 2014ལོར་ང་ཚོའི་ཁྱིམ་གྱིས་ས་ཞིང་མུའུ་3ས་གནས་དེ་གའི་ཁེ་ལས་བོད་ཤར་གཅེས་ནོར་ཆང་ལས་ཀུང་སིར་རྒུན་འབྲུམ་འདེབས་པའི་རྟེན་གཞིར་བརྒྱུད་བཤུག་བཏང་བས། ལོ་རེར་ས་ཞིང་མུའུ་གཅིག་ལ་བརྒྱུད་བཤུག་གྲོན་དངུལ་སྒོར་1800རག་པ་དང་། ད་དུང་དུས་སང་སྒོར་2000བར་མཐོ་རུ་འགྲོ་རྒྱུ་རེད། གཞན་ཡང་། ང་རང་རྒུན་འབྲུམ་རྟེན་གཞིར་ལས་མི་བྱེད་པར་ཕྱིན་པས་ཉིན་རེར་གླ་ཆ་སྒོར་150ཡོད་པ་དང་། ལོ་གཅིག་ལ་ལས་ཀ་ཉིན་200ཙམ་བྱེད་རྒྱུ་ཡོད་པས་ཡོང་འབབ་མང་དུ་ཤུགས་ཆེན་ཕྱིན་སོང་། ཉེ་བའི་ལོ་གཉིས་རིང་ཆུང་མ་གཡུ་མཚོ་ལྷ་མོས་གྲོང་ཚོའི་ནང་གད་པ་བྱས་པས་ལོ་རེར་ཡོང་འབབ་སྒོར་3500ལེན་རྒྱུ་ཡོད་པས་ནང་མི་ཚང་མ་དབུལ་སྒྲོལ་བརྟན་པོ་ཐུབ་སོང་། “ཡོང་འབབ་མང་དུ་ཕྱིན་པ་དང་བསྟུན་ནས། གྲོང་ཚོའི་རྣམ་པ་ཡང་ཇེ་ལེགས་སུ་ཕྱིན་སོང་། ད་ཆ་ང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགའ་ཚོར་ཆེན་པོའི་ངང་བརྗོད།

    ཡེ་ཤེས་རྒྱ་མཚོས་བརྗོད་པའི་བོད་ཤར་གཅེས་ནོར་ཆང་ལས་ཀུང་སི་ནི་སྲིད་གཞུང་གིས་འདེགས་སྐྱོར་བྱས་པའི་རྒུན་འབྲུམ་ཨ་རག་གི་སྣེ་འདྲེན་ཁེ་ལས་ཤིག་ཡིན་ཞིང་། ཁེ་ལས་དེ་གཉེར་སྐྱོང་བྱེད་མཁན་ནི་ཚྭ་ཁ་ལྷོའི་འཇང་མི་རིགས་ཤང་གི་ལོ་རབས་80ནང་སྐྱེས་ཀྱི་གཅེན་གཅུང་གཉིས་ཡིན་པ་དང་། གཅེན་པོ་བློ་བཟང་ཚེ་རིང་གིས་2009ལོར་རང་ཁྱིམ་གྱི་རྒུན་འབྲུམ་ཨ་རག་སྙོལ་ཁང་ཆུང་ཆུང་དེ་རྒྱ་སྐྱེད་བཏང་ནས་ཀུང་སི་བཙུགས་པ་དང་། 2014ལོར་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག བོད་ལྗོངས་སློབ་ཆེན་ཐོན་པའི་གཅུང་མོ་མདུང་རྩེ་ཆོས་མཚོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་རེད། ད་ཆ་ཀུང་སིས་བརྒྱུད་བཤུག་ས་ཞིང་མུའུ་500ཡི་ཐོག་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་འབྲེལ། “ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་ས་གནས་དེའི་མང་ཚོགས་ཚོས་ཨ་རག་སྙོལ་བྱེད་རྒུན་འབྲུམ་མུའུ་2500འདེབས་རྒྱུར་བཀོད་སྒྲིག་བྱས་པ་དང་། ད་ཆ་ཀུང་སིར་ལོ་རེར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་3000ལྷག་ཙམ་བྱུང་བ་དང་ཆབས་ཅིག ལོ་རེར་ཞིང་འབྲོག་པ་700ལྷག་ཙམ་ལ་གནས་སྐབས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།

    “ཆུང་དུས་ཀྱི་ཕུགས་འདུན་ནི་རི་ཁུག་ནས་དོན་རྒྱུ་དེ་ཡིན། ད་ཆ་སྲིད་ཇུས་བཟང་པོ་ཡོད་པས་ང་རང་རི་ཁུལ་དུ་བསྡད་ནས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་གཏོང་འདོད་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མདུང་རྩེ་ཆོས་མཚོས་བརྗོད། ཁོང་གིས“དེ་སྔ་ཨ་མས་རྫ་ཆུའི་འགྲམ་དུ་ཚྭ་བཟོ་གི་ཡོད་པས་དངོས་གནས་དཀའ་ངལ་ཆེན་པོ་ཡོད། དེ་སྔོན་དེ་གའི་ཚྭ་ཡུལ་གྲུ་གང་སར་བྲིན་ཁ་རྒྱུག་པོ་ཡོད་པས་ང་ཚོའི་རྒུན་འབྲུམ་ཨ་རག་ཡང་ཡུལ་གྲུ་གང་སར་བྲིན་ཁ་རྒྱུག་པོ་ཡོང་བའི་ཡིད་ཆེས་ཡོད། ངས་ཡུལ་མི་ཚོ་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་དེ་ཕ་ཡུལ་གྱི་ཡུལ་མི་ཚོར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བརྗོད་། ཚྭ་ཁ་ལྷོ་འཇང་མི་རིགས་ཤང་གི་ཏང་ཨུད་ཧྲུའུ་ཅི་ཀྲང་པིང་གིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོའི་རིང་། སྨར་ཁམས་རྫོང་གིས་རྒུན་འབྲུམ་ཨ་རག་ཁེ་ལས་མང་པོ་ནང་འདྲེན་དང་སྐྱེད་སྲིང་བྱས་པ་དང་། ཁེ་ལས་དང་འདེབས་འཛུགས་མཐུན་ཚོགས་ཀྱིས་འདེབས་འཛུགས་དུད་ཚང་གི་སྣེ་ཁྲིད་དེ་རྒུན་འབྲུམ་འདེབས་འཛུགས་གཞི་ཁྱོན་ཆེ་རུ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་བཏང་བས། རྒུན་འབྲུམ་འདེབས་འཛུགས་དང་རྒུན་འབྲུམ་ཨ་རག་ཐོན་ལས་དེ་ཁུལ་དེའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། 2019ལོར་རྫོང་དེ་ཡོངས་ཀྱི་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་1.17ཟིན་ནས། ལོ་རེའི་ཐོན་ཚད་ཏུན་7200ལྷག་ཙམ་ཟིན་པ་དང་། རྒུན་འབྲུམ་ལས་སྣོན་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་7000ལྷག་ཙམ་ཟིན་ཡོད། མིག་སྔ་བར། འདེབས་འཛུགས་དུད་ཚང་1459ཡི་སྣེ་ཁྲིད་པས་མི་གྲངས་9720ལ་འབབ་འཕར་བྱུང་བ་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་213ཡི་མི་གྲངས་1039ཡོད་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6018ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།