དབུ་ཤོག>ཆེད་སྒྲིག
  • དཀའ་སྤྱད་ལས་ལ་བརྩོན། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-14

    ལྷ་ས་དང་བར་ཐག་སྤྱི་ལེ་70ལྷག་ཙམ་ཆོད་པའི་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་སྡིངས་ཁ་གྲོང་ཚོའི་ངག་དབང་གི་ཁྱིམ་ཚང་གྲོང་ཚོའི་རི་རྐེད་དུ་ཆགས་ཡོད། བདེ་སྡོད་ལས་གྲྭའི་དྲིན་གྱིས་སྨི་ངོས་གྲུ་400ལྷག་གི་བོད་བཟོའི་ཐོག་ཁང་ཆུང་ངུ་དེ་དཀར་ཆ་དོད་པ་མ་ཟད། འཁྱག་སྒམ་དང་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་སོགས་གློག་ཆས་མི་འཛོམ་པ་གཅིག་ཀྱང་མེད། ངག་དབང་གི་ཁྱིམ་ནས་སྡིངས་ཁ་གྲོང་ཚོར་བལྟས་ཚེ། ཡུལ་མིའི་སྡོད་ཁང་གྲལ་སྒྲིག་ཅིང་གཙང་སྦྲ་དོད་པ་ཞིག་ཡོད།

    ངག་དབང་ཕྱིར་ལས་ཀ་བྱེད་པར་འགྲོ་བ་དང་། བཟའ་ཟླ་རྡོ་རྗེ་སྒྲོལ་དཀར་གྱིས་ཕྲུ་གུ་གཉིས་ལྟ་ཞོར་ཁྱིམ་ལས་ཙག་ཙིག་བྱེད་ཀྱི་ཡོད།

    2013ལོར། རྡོ་རྗེ་སྒྲོལ་དཀར་དང་ངག་དབང་གཉེན་སྒྲིག་བྱས་མ་ཐག་པའི་སྐབས་འཚོ་བའི་ཐད་དཀའ་ངལ་མང་པོ་འཕྲད།

    གྲོས་བསྡུར་བྱས་པ་བརྒྱུད། རྡོ་རྗེ་སྒྲོལ་དཀར་གྱིས་ཞོར་ཟས་ཁང་ཞིག་གཉེར། ཞོར་ཟས་ཚོང་ཞོར་ད་དུང་ཚལ་བཙོངས་ནས་ལོ་གཉིས་འབད་འབུངས་ཧུར་ཐག་བྱས་ཀྱང་། ཁང་གླ་དང་ཆུ་རིན། གློག་རིན་ཙམ་ལས་ཡོང་འབབ་གསོག་ཐུབ་མེད།

    “ངག་དབང་། བདེ་སྡོད་ལས་གྲྭ་སྤེལ་གྲབས་འདུག རྒྱལ་ཁབ་ཀྱིས་ཁ་གསབ་ཁག་གཅིག་སྤྲོད་པའི་ཁར་རང་ཉིད་ཀྱིས་མ་དངུལ་ཁག་གཅིག་བཏོན་ན་སྡོད་ཁང་གསར་པ་རྒྱག་ཐུབ་ཀྱི་འདུག” 2015ལོར། སྡིངས་ཁ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་གྱིས་གཏམ་བཟང་དེ་བཤད།

    “རྒྱག་གི་ཡིན”ཞེས་ཁྱོ་ཤུག་གཉིས་ཀས་མགྲིན་གཅིག་ཏུ་བཤད། དེ་ལྟར་རང་གིས་བསགས་པའི་སྒོར་ཁྲི་5ཡི་ཁར་སྒོར་ཁྲི་5གཡར་ནས་ངག་དབང་བཟའ་ཚོས་རང་གཉིས་ལ་དབང་བའི་སྡོད་ཁང་བརྒྱབ། སྡོད་ཁང་ཡོད་ཀྱང་བུ་ལོན་དུས་ཐོག་ཏུ་སྤྲོད་དགོས་པས་འབབ་འཕར་གྱི་ལམ་བུ་གཞན་ཞིག་མི་འཚོལ་ཐབས་མེད་བྱུང་།

    “ངས་ཐབས་ཤེས་ཤིག་བསླབ་ཆོག ངག་དབང་ལ་ཚལ་སྐྱེལ་བའི་ཉམས་མྱོང་ཡོད་པས། ཁ་ལོ་བའི་ལག་ཁྱེར་བླངས་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་ན། ད་ཆ་ལྷ་སའི་མཐའ་འཁོར་དུ་སྐྱེལ་འདྲེན་ཁ་ལོ་བ་ཅུང་དཀོན་པོ་འདུག”ཅེས་ཧྲུའུ་ཅི་ཨོ་རྒྱན་གྱི་སྐད་ཆས་ཁ་ལོ་བའི་ལག་ཁྱེར་ལེན་རྒྱུའི་ཐག་བཅད།

    ཁ་ལོ་བའི་ལག་ཁྱེར་རག་རྗེས། ངག་དབང་གིས་ཧྲུའུ་ཅི་ཨོ་རྒྱན་གྱིས་བཏོན་པའི་གྲོས་འགོ་བཞིན། ལྷ་སའི་ཨར་པོ་རྒྱག་ཡུལ་ཁག་ཏུ་རྒྱུ་ཆ་དབོར་བ་དང་། ཞིང་དལ་སྐབས་ཁྱིམ་དུ་ལོག་ནས་བཟའ་ཟླར་རོགས་པ་བྱས། 2016ལོར། ངག་དབང་གི་ཁྱིམ་ཡང་གྲོང་མི་གཞན་དང་འདྲ་བར་དབུལ་སྒྲོལ་ཐུབ།

    གྲོང་མིའི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་རེད། སྡིངས་ཁ་གྲོང་ཚོའི་མི་སྡོད་ཁོར་ཡུག་ཀྱང་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་ཤུགས་ཆེན་བཏང་ནས་གྲོང་ཚོ་རིམ་པའི་བགྲོད་ལམ་ཤར་གཏོང་བྱས་པ་དང་སྦྲགས། གྲོང་ཚོའི་རྙིང་ཞན་དུ་གྱུར་པའི་མདོང་ལམ་གཙོ་བོ་དང་ཡན་ལག་མདོང་ལམ་ཚང་མ་གསར་པ་བརྗེས་པ་དང་མ་ཟད་ཆུ་ཡུར་བཟོས་ནས་རྒྱུན་གཏན་གྱི་རྨོ་འདེབས་སྤྱོད་ཆུ་དང་མི་ཕྱུགས་ཀྱི་འཐུང་ཆུ་འགན་ལེན་བྱས། དེ་དང་ཆབས་ཅིག རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་སྤེལ་ནས། གྲོང་ཚོའི་ལམ་རྒྱུད་ཚང་མར་རླུང་ནུས་དང་ཉི་ནུས་ཀྱི་ལམ་སྒྲོན་བསྒར་ཡོད་ཅེས་ཨོ་རྒྱན་གྱིས་གསར་འགོད་པར་བཤད།

    རྡོ་རྗེ་སྒྲོལ་དཀར་ཡང་གྲོང་ཚོའི་བུད་མེད་གཞན་དང་འདྲ་བར་མ་བྱན་གསོ་སྦྱོང་འཛིན་གྲྭར་ཞུགས་ནས། འབྲིང་རིམ་མ་བྱན་གྱི་ཐོབ་ཐང་ལག་ཁྱེར་བླངས་ཏེ། གཞན་དང་མཉམ་དུ་ཇ་ཁང་ཞིག་གཉེར་རྩིས་ཡོད་པ་རེད།

     སྡིངས་ཁ་གྲོང་ཚོའི་ངག་དབང་གི་ནང་མིའི་འདྲ་པར།

    ངག་དབང་ཁྱིམ་གྱི་དཀར་ཆ་དོད་པའི་ཚོམས་ཁང་།

     སྡིངས་ཁ་གྲོང་ཚོའི་གྲོང་མིས་དགའ་སྤྲོའི་སྒོར་གཞས་འཁྲབ་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་པ།

     ངག་དབང་གི་བུ་གཉིས་པོ་སློབ་གྲྭ་གྲོལ་རྗེས་ནང་དུ་ལོག་ནས་རྩེད་འཇོར་རོལ་བ།

     གསར་པ་བསྐྲུན་པའི་སྡིངས་ཁ་གྲོང་ཚོའི་སྐད་གཉིས་བུ་བཅོལ་ཁང་།

     རྡོ་རྗེ་སྒྲོལ་དཀར་གྱིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ།

     སྡིངས་ཁ་གྲོང་ཚོའི་རྨོ་ཞིང་། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།