དབུ་ཤོག>ཆེད་སྒྲིག
  • ས་མཐོའི་གནའ་གྲོང་དུ་ལྗང་མདོག་གི་གསོན་ཤུགས་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-13

    བོད་ལྗོངས་ལྷ་སར་ཡུལ་སྐོར་ཐེངས་དང་པོ་བྱེད་མཁན་ཚོས་གྲོང་ཁྱེར་དེའི་ལོ་རྒྱུས་རིག་གནས་ཟབ་མོ་དང་དེང་རབས་འཕེལ་རྒྱས་མཉམ་འདྲེས་ལས་ས་མཐོའི་གནའ་གྲོང་གི་ལྗང་མདོག་གི་སྐྱེ་སྟོབས་རྒྱས་པ་ཚོར་ཐུབ།

    ལྷ་སས་ལྗང་མདོག་གི་མཐའ་ཚད་སྲུང་བ་དང་ཆབས་ཅིག་ས་མཐོའི་ཁྱད་ཆོས་ལྡན་པའི་ལྗང་མདོག་ཐོན་ལས་འབོར་ཆེན་ཞིག་རྒྱུན་ཆད་མེད་པར་དར་རྒྱས་དང་གཅིག་སྡུད་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ནས་གནའ་གྲོང་ལྷ་སའི་རྒྱུན་གཏན་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་བཏང་བར་བརྟེན། མཐོ་གྲང་དང་། གསོ་རླུང་དཀོན་པ། ས་བབ་མཐོ་ཚད་སྨི་3650ཟིན་པའི་འཚོ་སྡོད་མཐོ་ཚད་བཅས་མི་རྣམས་ཀྱི་དྲན་འཆར་ཙམ་དུ་གྱུར་ཡོད།

    2013ལོར་བཙུགས་པའི་ལྷ་ས་ས་གཙང་ཐོན་ལས་ཚོགས་པ་ནི་ལྷ་ས་གྲོང་ཁྱེར་གྱིས“ལྗང་མདོག་དང་སྐྱེ་ལྡན”གཞི་རྟེན་བྱས་ནས་འཕེལ་རྒྱས་བཏང་བའི་གཞི་ཁྱོན་ཅན་གྱི་ས་གཙང་ཐོན་ལས་ཀུང་སི་དང་པོ་དེ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ཀུང་སི་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། སྔོ་ཚལ་དང་། ཚགས་ཤ། ནས། རྒྱ་གྲོ བོད་བྱ། ཕག་པ། བལ་རྒྱུ་འཇམ་པའི་བོད་ལུག་སོགས་ཐོན་ལས་ཆེ་གྲས་7གྲུབ་པ་དང་། 2019ལོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་32ལྷག་ཙམ་བྱུང་ཡོད།

    “ས་གཙང་བདེ་ཐང་ཐོན་ལས་ཀྱི་ངོ་བོ་ནི་ལྗང་མདོག་GDPའཕེལ་རྒྱས་གཏོང་རྒྱུ་དང་བདེ་ཐང་དང་སྦགས་བཙོག་མེད་པ་གཙིགས་ཆེར་བཟུང་གི་ཡོད”ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ“ས་གཙང་ཐོན་ལས”གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲི་ཅན་ཧུའེ་ཡིས། ཁྱད་ལྡན་ཞིང་འབྲོག་ཐོན་ཁུངས་དང་ལྗང་མདོག་བདེ་ཐང་ཐོན་ལས་སྦྲེལ་མཐུད་བྱས་པ་བརྒྱུད། ཁྲོམ་རས་ས་མཐོའི་སྲོལ་རྒྱུན་ཞིང་འབྲོག་ཐོན་ཁུངས་ཀྱི་རིན་ཐང་ལ་བསྐྱར་དུ་ཚོད་སྐོར་ཐུབ་རྒྱུ་མ་ཟད། སྲོལ་རྒྱུན་ཞིང་འབྲོག་ཐོན་ལས་ལའང་འཕེལ་རྒྱས་གསར་པ་བྱུང་ནས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ལྷ་ས་དང་ཐ་ན་བོད་ཀྱིས་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་ཀྱི་ཕན་ཡོད་ཚོད་ལྟའི་བྱེད་ཐབས་ཤིག་ཏུ་འགྱུར་ཐུབ་ཅེས་བརྗོད་བྱུང་།

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་གྲོང་ཚོར་ཡོད་པའི་ལྷ་ས་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་ཁུལ་དུ་བསྐྱོད་སྐབས། མཱ་ཁ་དང་། ཁམ་བུ། མེ་ཏོག་ཨ་བྷི་ཥ་སོགས་ཡོད་པ་མ་ཟད། ད་དུང་རྒྱ་སེ་མེ་ཏོག་སོགས་ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་བཞད་ནས་འདུག ཐོན་ལས་ཁུལ་དེར“རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ”དང“ཞིང་ལས་ཕྱོགས་བསྡུས་སྒྱུར་བཅོས་དཔེ་སྟོན་ཁུལ”“ཀྲུང་གོ་ཚན་རིག་ཁང་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་ཁུལ”བཅས་ཀྱི་མཚན་སྙན་ཡོད།

    ཚལ་སྣ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་ས་གནས་ཞིང་པས་སྔོན་མ་ནས་འདེབས་རྒྱུ་གཙོ་བོར་བྱེད་པ་དང་། ཐོག་མར་མཱ་ཁ་སོགས་ས་གཙང་ཐོན་ལས་ཀྱི་དཔལ་འབྱོར་སྐྱེ་དངོས་འདེབས་རྒྱུར་ཁྲིད་སྟོན་བྱེད་སྐབས། མི་སེར་ཚོས་འདེབས་འདོད་མི་བྱེད་པ་མ་ཟད། ལག་རྩལ་མི་ཤེས་པ་དང་ཚོང་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་། ཁོང་གིས་ནས་མུའུ་གཅིག་ནས་མང་ཤོས་ལའང་རྒྱ་མ་800ཐོན་པ་དེ། རིན་གོང་མཐོ་ཤོས་ལྟར་བརྩིས་ན་མུའུ་རེའི་ཡོང་འབབ་སྒོར་2400ལས་ཟིན་གྱི་མེད་ལ། དེའི་ནང་ད་དུང་ས་བོན་དང་ལུད་སོགས་ལ་སྒོར་བདུན་བརྒྱ་བརྒྱད་བརྒྱ་ཙམ་གཏོང་དགོས་ཀྱི་ཡོད། ད་ཆ་མཱ་ཁ་བཏབ་པར་མུའུ་རེར་ཡོང་འབབ་སྒོར་ཁྲི་1.4ཙམ་ཡོང་གི་ཡོད་པས་ཞིང་པའི་ཧུར་སེམས་ཆེ་རུ་ཕྱིན་འདུག་ཅེས་བརྗོད་བྱུང་།

    “ལྗང་མདོག”ལས་བྱུང་བའི་ཁྲོམ་རའི་དགོས་མཁོ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱི་མདུན་དུ་ལྷ་ས་གྲོང་ཁྱེར་གྱིས་ཁུལ་ཁོངས་ནང་གི་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་པ་དང“ས་གཙང་བདེ་ཐང་ཐོན་ལས”ཀྱིས་སྤྱི་འདོམས་བྱས་ཏེ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་དང་། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་། ཚན་རིག་ཅན་གྱི་དོ་དམ་བཅས་ཀྱི་ཐད་ཚད་བརྒལ་བྱུང་ནས། ས་མཐོའི་ཁྱད་ཆོས་ལྡན་པའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད།

    “ས་གཙང”འདུ་ཤེས་ཀྱིས་ས་མཐོའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་སྦྱིན་ཞིང་། ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་རི་འདབས་སུ་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་ཤིག་བསྐྲུན་ཡོད། དེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞི་ཁྱོན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞི་ཞིག་ཡིན་པ་མ་ཟད། ལྗང་མདོག་སྐྱེ་ལྡན་འོ་མ་ཡུལ་དེ་ནས་མི་རྣམས་ཀྱི་གསོལ་ལྕོག་ཐོག་ཟམ་མི་ཆད་པར་མཁོ་འདོན་བྱེད་བཞིན་ཡོད། ད་ལྟ་བསྐྲུན་པའི་ནུས་ཆེའི་ཉི་འོད་དྲོད་ཁང་500དང་། སྔོ་ཚལ་ལས་སྣོན་བཟོ་གྲྭ སོས་ཉར་གྲང་མཛོད། ཟོག་འགྲེམས་གླིང་ཁུལ་བཅས་སུ་འོ་མའི་ཐོན་ལས་དང་། ཤ་ཚལ་སྒོང་གསུམ་གྱི་ཐོན་ལས། དེང་རབས་མཛོད་ཉར་ཟོག་འགྲེམས་ཐོན་ལས་བཅས་རིམ་གྱིས་གྲུབ་ཡོད།

    “ལོ་སྟོད་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་དབང་གིས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཡོད་མོད། འོན་ཀྱང་ས་གཙང་བདེ་ཐང་ཐོན་ལས་སྔར་བཞིན་འཕེལ་རྒྱས་མྱུར་པོ་ཕྱིན་ནས་འདི་ལོ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་རྒྱུའི་དམིགས་ཚད་སྒྲུབ་ཐུབ་རེ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་གཞུང་ལས་ཁང་གི་འགན་འཁུར་བས་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད་བྱུང་། མིག་སྔར་ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་ལ་ཁེ་ལས་89ཡོད་པ་དང་། “ཏ་ཀྲའོ་གཏེར་ཆུ”་དང“ཐོན་པའི་སྤོས”“ རྒུ་རུམ་རྩམ་པ”སོགས་ས་གཙང་ཐོན་ལས་ཀྱི་སྤུས་རྟགས་100ལྷག་ཙམ་ཡོད་པའི་ནང“ལྗང་མདོག་དང་སྐྱེ་ལྡན”གྱི་སྤུས་རྟགས་ཁས་ལེན་དཔང་ཡིག་ཐོབ་པ་དང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་50ལྷག་ཙམ་ཡོད་པས། “ས་གཙང་ཐོན་ལས”འདི་ཉིད་ས་མཐོའི་དཔལ་འབྱོར་གྱི་བཀྲག་མདངས་འཚེར་སའི་སྤུས་རྟགས་ཤིག་ཏུ་འགྱུར་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།