ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཡོད། དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ་དང་། དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ། མི་སེར་གྱི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་སེར་ཚང་མར་ཕན་པ་ཐོབ་པར་བྱས་ཏེ་དམངས་འཚོའི་ལས་དོན་ལ་གྲུབ་འབྲས་བཟང་པོ་བླངས་ཡོད།
སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱིས་དམངས་འཚོ་འགན་ལེན་ཤུགས་ཆེན་བྱས་པ།
འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་2ཟིན་པ་དང་། འཕྲུལ་རྨོ་བྱེད་ཚད་94.83%དང་འཕྲུལ་འདེབས་དང་འཕྲུལ་བསྡུ་བྱེད་ཚད་ཆ་སྙོམས་86.21%ཟིན་པ། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་སྣོན་རྟེན་གཞི(ས་མཐོའི་བཟའ་བཅའི་གྲང་ཕྲེང་ལྟེ་གནས)སོགས་གཙོ་གནད་རྣམ་གྲངས་7འཛུགས་སྐྲུན་བདེ་བླག་བྱུང་བ། སྔོན་དཔག་བྱས་ན་ལོ་འཁོར་མོར་ཡུལ་སྐོར་བ་མི་ཐེངས་ཁྲི་168.81ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་5583.2ཟིན་པ་དེ་དུས་མཚུངས་ལས་17.8%དང་22.6%སོ་སོར་འཕར་རྒྱུ་རེད།
དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་དམངས་འཚོའི་འདུ་འགོད་ཁག་ཚ་ཚ་འུར་འུར་ངང་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཐོན་ལས་ལ་དམ་པོར་དམིགས་པ་དང་ཕྱོགས་སྒྱུར་ལ་དམ་འཛིན་ནན་པོ་བྱས་པས་འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་སྤུས་ཚད་ལེཌ་པའི་འཕེལ་རྒྱས་ཀྱིས་དམངས་འཚོར་འགན་ལེན་ཤུགས་ཆེན་བྱས་ཡོད།
སྤུས་ཚད་ལེགས་པའི་དམངས་ཕན་གྱིས་དམངས་འཚོའི་ཐ་སྐྱོང་ལེགས་སུ་ཕྱིན་པ།
དམངས་འཚོ་ལེགས་གཏོང་དང་འགན་སྲུང་བྱེད་པར་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། དམངས་འཚོ་ཡུན་རིང་བདེ་སྐྱིད་ཡོང་བར་དེ་བས་ཀྱང་འགན་སྲུང་བྱེད་དགོས། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དམངས་འཚོའི་སྤུས་ཚད་ལེགས་གཏོང་དང་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་སྤུས་ཚད་ལེགས་པའི་དམངས་ཕན་ལ་བརྟེན་ནས་དམངས་འཚོ་ལེགས་སུ་འགྲོ་རྒྱུར་རམ་འདེགས་བྱས་ཡོད།
2019ལོར་གདོང་དཀར་དང་། གནས་ཆུང་། ཡབ་མདའ་བཅས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་དེ་བཞིན་བདེ་ཆེན་གྲོང་རྡལ་དང་། དམར་གྲོང་རྡལ། རྒུ་རུམ་གྲོང་རྡལ་བཅས་སྒོ་བྱང་བཀལ་ནས་བཙུགས་པ་དང《ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཁུལ་གྱི་འཆར་འགོད》ལ་གྲུབ་འབྲས་ཐོབ་པའི་ངང་ཆོག་མཆན་རག་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་བར་སྟོང་གི་བཀོད་པ་སྔར་བས་ལེགས་སུ་ཕྱིན་ཡོད། མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་འགྲོ་ལམ་22མཁྲེགས་འགྱུར(ཉམས་གསོ)བྱས་པ་དང་ཟམ་པ་3དང་གྲོང་གསེབ་ཀྱི་འགྲོ་ལམ་18ཀྱི་ཚེ་སྲོག་བདེ་འཇགས་འགོག་སྲུང་ལས་གྲྭ་འཛུགས་སྐྲུན་བྱས་པ་དང་། རྒྱལ་ལམ་109ལམ་ཐིག་གི་ནག་ཆུ་ནས་ལྷ་ས་བར(སྟོད་ལུང་དུམ་བུ)གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭར་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་པ། མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་གཙོ་གནད་ཆུ་བེད་རྣམ་གྲངས་8སྐྲུན་འགོ་ཚུགས་པ་ལས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།
ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ནུས་ལྡན་བྱ་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་བདེ་ཆེན་གྲོང་རྡལ་གྱི་བོད་སྨན་སྨན་རྒྱུ་རྟེན་གཞི་སོགས་གྲོང་གསེབ་དར་རྒྱས་ཐོན་ལས་རྣམ་གྲངས་10སྐྲུན་འགོ་ཚུགས་ཡོད། འབྱོར་འབྲིང་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ཁག་210ལེགས་གྲུབ་ཟིན་པ་དང་། ས་བབ་མཐོ་བའི་མོན་སྟོད་གྲོང་ཚོའི་དུད་ཚང་87གྱི་གྲོང་མི་སྤོས་ཡོད་པ་རེད། གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་18བར་མང་དུ་བཏང་བ་དང་སྤྱི་སྤྱོད་རླངས་འཁོར་དུས་ཐོག་ཏུ་སླེབས་ཚད་97%ཟིན་པ་དང་། འགྲུལ་པ་བློ་ཡིད་ཚིམ་ཚད་98%ཡན་ཟིན་ནས་ཞིང་འབྲོག་མང་ཚོགས“ཕྱིར་སྐྱོད་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
སྤུས་ཚད་ལེགས་པའི་དབུལ་སྒྲོལ་གྱིས་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་“དམངས་ཀྱི་རེ་འབོད”ཀྱི་རྗེས་སུ་འབྲངས་ནས་དམངས་འཚོའི་ལས་དོན་མི་སེར་གྱི་བློ་ལ་བབས་པར་བྱས་པས། དབུལ་སྒྲོལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་དམངས་འཚོའི་བདེ་རྩ་ཆེ་རུ་སོང་ཡོད།
2019ལོར་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་2.25གཅིག་གྱུར་འཆར་འགོད་བྱས་ཏེ་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་ལ་སྤྱད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་15661.74ཟིན་ནས་དུས་མཚུངས་ལས་18.31%འཕར་ཡོད། དབུལ་སྒྲོལ་ཕན་འབྲས་སྲ་བརྟན་དུ་གཏོང་རིང་། ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ལས་ཞུགས་འགན་ལེན་དང་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐ་སྐྱོང་འགན་ལེན་གྱི་སྲིད་ཇུས་སྣ་ཚོགས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་གནས་སྤོས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མུ་མཐུད་ལེཌ་སུ་བཏང་བས། དབུལ་སྒྲོལ་གྱི་ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཀྱིས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་པོ་བུ་རབས་ཚ་རྒྱུད་ལ་རྒྱུན་མི་ཆགས་པ་བྱས་ཡོད། སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གནས་555མང་དུ་བཏང་བ་དང་། བོད་ཀྱི་སློབ་གསོའི་ཇོ་མོ་གླང་མའི་དྲ་ཐོག་སྤྲིན་ཚོམས་ལས་སྟེགས་སོགས་ཆ་འཕྲིན་མ་ལག་ཤར་གཏོང་དང་འཁོར་སྐྱོད་བྱས་ནས་རྒྱང་ཁྲིད་བརྙན་ལམ་སྦྲེལ་མཐུད་ཀྱི“དགེ་རྒན་གཉིས་ལྡན་གྱི་སློབ་ཚན”ཚོད་ལྟ་བྱས་པ་རེད། “འགན་ལེན་གསུམ”དང་འཚོ་བཅུད་ལེགས་གཏོང་གི་ཆེད་དོན་མ་དངུལ་སྒོར་ཁྲི་2212.4སྤྲད་དེ་སློབ་ཆུང་སློབ་མའི་གཟུགས་གཞི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱེད་ཚད་100%ཟིན་པ་དང་སློབ་གསོ་ལུས་རྩལ་བྱ་གཞག་དོ་སྙོམས་ངང་འཕེལ་རྒྱས་ཕྱིན་ཡོད།