ཉེ་ཆར། བསམ་གྲུབ་རྩེ་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི་ཁྱིམ་ལས་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་ཁག་དང་པོ་སློབ་མཇུག་འགྲིལ་བའི་མཛད་སྒོ་ཆུ་སྦུག་གཞུང་ཤང་དུ་འཚོཌ་པ་རེད།
སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག གསོ་སྦྱོང་ལ་ཞུགས་མཁན་མང་ཚོགས་ཀྱིས་རྩལ་ནུས་ཀྱི་གྲུབ་འབྲས་ངོམ་སྟོན་བྱས་ཤིང་། གསོ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་དང་། འབྱུང་འགྱུར་རྩལ་ནུས་འཕེལ་རྒྱས་ཀྱི་འཆར་གཞི་བརྗོད་པ་རེད། བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་རྩལ་ནུས་ལ་གསལ་འབྱེད་ནན་པོ་བྱས་པ་བརྒྱུད་སློབ་མ་29ཡིས་ལག་ལེན་བེད་སྤྱོད་ཀྱི་ཚད་གཞི་ལོན་པ་དང་། གསོ་སྦྱོང་བྱེད་མཁན་སློབ་གྲྭས་ད་དུང་ཕུལ་བྱུང་གི་སློབ་མ་གཉིས་ལ་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་30ཡིན་པ་དང་། གསོ་སྦྱོང་བྱ་ཡུལ་ནི་ཆུ་སྦུག་གཞུང་ཤང་གི་བུད་མེད་29རེད། གསོ་སྦྱོང་མི་སྣས་ཁྱིམ་ཆས་སྒྲིག་གཤོམ་དང་སྦྲུམ་མར་ལྟ་སྐྱོང་སོགས་ཕྱོགས་མང་པོའི་ནང་ལས་ཀྱི་ལས་སྒོའི་གསོ་སྦྱོང་བྱས་པ་དང་། སློབ་མ་རྣམས་ལ་གཅིག་གཏད་གཅིག་གི་སྦྱོང་བརྡར་དང་མཛུབ་སྟོན་བྱས་ཏེ། ཞིང་ལས་ལ་འཐུས་ཤོར་མི་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལག་རྩལ་སྣ་གཅིག་ཤེས་པར་བྱས་ཡོད།
གོམ་སྟབས་རྗེས་མར། བསམ་གྲུབ་རྩེ་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་གསོ་སྦྱོང་ལ་ཞུགས་མཁན་སློབ་མའི་ལས་ཞུགས་དང་འབབ་འཕར་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་དུས་མཚུངས་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་དང་། དེ་བཞིན་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཚོ(གྲོང་ལྷན)ཁག་གི་བུད་མེད་མང་ཚོགས་ཁྲོད་དུ་ཁྱབ་གདལ་བཏང་ནས་བུད་མེད་དེ་བས་མང་བ་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བར་བྱ་རྒྱུ་ཡིན་པ་རེད།