དབུ་ཤོག>ཆེད་སྒྲིག
  • ལྷ་སའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-12

    ● 2019ལོ་ནས་2022ལོ་བར། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་འདུ་འགོད་16ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.6བཏང་ཡོད། 2019ལོར། གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་ཏུ་ཡུལ་སྐོར་སྐྱོད་མཁན་མི་ཐེངས་ཁྲི་782.5ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་8.2ཟིན་པ།

    ● སྟག་གདོང་གྲོང་ཚོ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོ་དང་གྲོང་གསེབ་ཡུལ་སྐོར་གྱི་མངོན་འགྱུར་བའི་རྟེན་གཞི། རྒྱལ་ཡོངས་ཀྱི“གྲོང་གསེབ་མཛེས་ཤོས”བཅས་ལ་བདམས་ཡོད།

    ● གྲོང་གསེབ་7ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ལ་བདམས་ཡོད།

    གྲོང་གསེབ་ཀྱི་ཡུལ་སྐོར་ནི་མཛེས་ལྗོངས་ལ་ལྟ་བ་ཙམ་མ་ཡིན་པར་ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་གུས་སྲོལ་སོགས་ཀྱང་ཡོད།

    ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་18ཙམ་གྱི་སར་གནས་པའི་སྟག་གདོང་གྲོང་ཚོ་ནི་ལྷ་སའི་ལྷོ་ནུབ་མཚམས་ཀྱི་མངོན་གསལ་མེད་པའི་རི་ཁུག་ཅིག་ཏུ་གནས་པ་དང་། དེ་ནི་བོད་དུ་བོད་པའི་གྲོང་སྡེ་རྙིང་པ་སྲུང་སྐྱོང་ཆ་ཚང་ཤོས་བྱུང་བའི་གྲས་ཤིག་རེད། དེར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་ཉི་མ་ཐང་དགོན་པ་དང་། སྤྲིན་གསེབ་དགོན། སངས་རྒྱས་སྨན་བླའི་ལྷ་ཁང་། ཚངས་དབྱངས་རྒྱ་མཚོའི་གཞིས་ཀ་རྙིང་པ་སོགས་ཡོད།

    ད་ཆ་སྐད་གྲགས་ལྡན་པའི་སྟག་གདོང་གྲོང་ཚོས་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་གྱི་འགྲོ་ལམ་དུ་བསྐྱོད། “སྟག་གདོང་གྲོང་ཚོའི་རྣམ་པ་དང་བཀོད་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་གྱི་རྣམ་གྲངས”ལག་ལེན་བསྟར་བ་ནས་བཟུང་། དེ་གའི་ཡུལ་མིར་ལས་གནས་བརྒྱ་ཕྲག་མང་པོ་ཐག་གཅོད་བྱས་པ་མ་ཟད། མཛེས་ལྗོངས་ཁུལ་གཅིག་གྱུར་གཉེར་སྐྱོང་བྱས་པ་བརྒྱུད། ས་ཞིང་ནང་བཤུག་དང་། ཨར་ལས་འཕྲུལ་འཁོར་བོགས་གཏོང་། འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ལོ་ཏོག་འདེབས་པ། མ་རྩ་མཉམ་བསྡུས་ཀྱི་ཀུང་སིའི་མ་རྐང་བགོ་འགྲེམ་སོགས་ཀྱིས་ཡོང་སྒོ་མང་པོ་བྱུང་ཡོད།

    ས་ཆ་གཞན་ན་མེད་པའི་མི་ཆོས་རིག་གནས་དང་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྟག་གདོང་གྲོང་ཚོས་སོས་དལ་སྤྲོ་གསེང་དང་། གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད། 2016ལོར། སྟག་གདོང་མཛེས་ལྗོངས་ཁུལ་དངོས་སུ་ལས་གཉེར་བྱས་ཏེ། སྟག་གདོང་གླིང་ཁ་དང་། མཚོ་འགྲམ་ཇ་ཁང་། གྲོང་གསེབ་སྤྲོ་གསེང་མགྲོན་ཁང་། “ལྷ་ས་བའི”ཞིང་པའི་སྤྲོ་སྐྱིད་ཁང་། སྟག་གདོང་ཁང་འཁོར་རང་འཁོར་བོགས་གཏོང་སོགས་ཀྱི་རྣམ་གྲངས་མང་པོ་ཞིག་སྔ་རྗེས་སུ་བསྐྲུན་པ་དང་སྦྲགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་། དཔལ་འབྱོར་ལོ་ཏོག་འདེབས་པ། འཕྲུལ་ཆས་བོགས་གཏོང་ལས་རིགས་སོགས་དར་ནས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4000ལྷག་ཙམ་རག་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ། ཡུལ་སྐོར་ལས་རིགས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཞིང་ལས་དབུལ་སྐྱོར་རམ་དབུལ་སྒྲོལ་འགག་སྒྲོལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཞིང་འབྲོག་ལས་དང་། སྡོད་མལ་ཁོར་ཡུག སྣོད་བཅུད་ཁོར་ཡུག རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་མཐོར་གཏོང་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཡུལ་བབ་དང་མཐུན་པའི་ངང་ལོ་རྒྱུས་རིང་ཞིང་ས་གནས་ཀྱི་ཁྱད་ཆོས་ལྡན་ལ་མི་རིགས་ཀྱི་དམངས་སྲོལ་གྱིས་ཕྱུག་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་བཏང་ནས། གྲོང་གསེབ་ཀྱི་ཡུལ་སྐོར་གྲོང་གསེབ་དར་རྒྱས་དང་། ཞིང་ལས་དར་རྒྱས། ཞིང་པ་ཕྱུག་པོ་ཆགས་པ་བཅས་ཀྱི་གསར་དར་ཀ་རྟེན་ཐོན་ལས་ཤིག་ཏུ་བསྐྲུན་པས། ཞིང་འབྲོག་པ་སྔར་ལས་མང་བས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་བར་བྱས་ཏེ་མི་སེར་གྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཐོན་ལས་འཕེལ་རྒྱས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས། “ལྷ་ས་གྲོང་ཁྱེར་ལ་ལྷ་ས་གནས་ཆུང་དང་། སེམས་རྩ་འཁོལ་བའི་བོད་ཁྱིམ་མགྲོན་ཁང་། བདེ་སྐྱིད་བོད་ཁྱིམ་སོགས་མི་སེར་གྱི་མགྲོན་ཁང་སྤུས་རྟགས་ཁག་གཅིག་དང་སྟག་གདོང་གྲོང་ཚོ་དང་། ཤུག་གསེབ། ཚལ་སྣེ། བྲག་ཡེར་པ། འགྲུལ་བཞུད་པའི་སྦྲ་གུར་ཁྱིམ་ཚང་སོགས་ཡུལ་སྐོར་རྣམ་གྲངས་ཁྱད་ལྡན་ཁག་གཅིག་ཐོན་ཡོད། 2019ལོ་ནས་2022ལོ་བར། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་འདུ་འགོད་16ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.6བཏང་ཡོད། 2019ལོར། གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་ཏུ་ཡུལ་སྐོར་དུ་སྐྱོད་མཁན་མི་ཐེངས་ཁྲི་782.5ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.2ཟིན་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་ལ་སྐུལ་སྤེལ་དང་། སྤྱི་ཚོགས་ཀྱི་ལས་ཞུགས་མང་དུ་གཏོང་བ། ཞིང་པར་འབབ་འཕར་ཡོང་བའི་ཕྱོགས་བསྡུས་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད”ཅེས་བཤད།

    2018ལོར། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་གྱི“དམངས་ཕྱུག་འབབ་འཕར་གྱི་འདུ་འགོད”ལག་ལེན་བསྟར་འགོ་ཚུགས་པ་དང་། 2019ལོར། སྙེ་མོ་རྫོང་གི་གྲོང་གསེབ་ཡུལ་སྐོར་དམངས་ཕྱུག་ཚོད་ལྟའི་འདུ་འགོད་དང་ཆུ་ཤུར་རྫོང་གནམ་ཤང་གི་གྲོང་གསེབ་ཡུལ་སྐོར་དམངས་ཕྱུག་ཚོད་ལྟའི་འདུ་འགོད་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཏེ། གྲོང་གསེབ་ཏུ་ཡུལ་སྐོར་དུ་འགྲོ་བའི་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། མང་ཚོགས་ལ་ལས་ཞུགས་ཐག་གཅོད་བྱས་པས“སྔོ་ལྗང་རི་ཆུ” “གསེར་རི་དངུལ་རིར”གྱུར་པར་བྱས་ཡོད།

    2020ལོའི་ཟླ་4ཚེས་30ཉིན། “བོད་པས་བོད་དུ་ཡུལ་སྐོར་དང་ལྷ་ས་བས་ལྷ་སར་ཡུལ་སྐོར”བྱེད་པ་དང་། “གནས་མཆོག་ལྷ་ས། བདེ་ཐང་ལྡན་པའི་ཡུལ་སྐོར”གྱི་མཛེས་སྡུག་གྲོང་གསེབ་སྐོར་བའི་འགོ་ཚུགས་མཛད་སྒོ་གཉེར་ནས། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་ཐོན་ལས་ཕྱོགས་ཡོངས་ནས་ཐེངས་དང་པོར་མངོན་པར་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་ཐོན་ལས་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད“མཛེས་སྡུག་ལྡན་པའི་གྲོང་གསེབ”ཀྱི་ཁྱད་ལྡན་བརྗོད་གཞིའི་འོས་སྦྱོར་བྱེད་སྒོ་སྤེལ་ཏེ། ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ལ་སྐུལ་མ་ཏན་ཏིག་བཏང་བས། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་ཕན་པ་ཐོབ་ཡོད།

    ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་མལ་གྲོ་གུང་དཀར་རྫོང་གི་རྒྱ་མ་མཛེས་ལྗོངས་ཁུལ་དང་། ལྷུན་གྲུབ་ཞིང་ར། འདམ་གཞུང་འཁོར་ཆུང་གངས་རིའི་འཁྱགས་རོམ་སོགས་ཀྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་འཕེལ་རྒྱས་ཀྱི་གཙོ་གནད་མངོན་གསལ་དོད་པོར་བཞག་སྟེ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འདུ་འགོད་གལ་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་ཐོན་ལས་ཀྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད།

    མལ་གྲོ་གུང་དཀར་རྫོང་དུ་སྲོང་བཙན་དྲན་གསོ་ཁང་དང་ཧོར་ཁང་གཞིས་ཀས་མཚོན་པའི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་ཡུལ་སྐོར་རྟེན་གཞི་ཡོད་པ་མ་ཟད། ད་དུང་རུ་ཐོག་ཆུ་ཚན་དང་གཟི་བྱིན་བླ་མཚོས་མཚོན་པའི་ས་མཐོའི་བླ་མཚོ་དང་ཆུ་ཚན་མཛེས་ལྗོངས་ཁུལ་དང་། གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་རྟེན་གཞི་ཡང་ཡོད། 2019ལོར། རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་120ལྷག་ཙམ་ལ་སྣེ་ལེན་ཞུས་ནས་རིགས་ཁག་གི་ཕྱོགས་བསྡུས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2800ལྷག་ཙམ་བྱུང་ཡོད། ད་ཆ་མལ་གྲོ་གུང་དཀར་རྫོང་གིས་ནུས་ཤུགས་ཡོད་རྒུས་བོད་ཀྱི་ཡུལ་སྐོར་གྱི་གྲགས་ཅན་རྫོང་གཏོད་བཞིན་ཡོད།

    སྟག་གདོང་གྲོང་ཚོ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་གྲོང་ཚོ་དང་། གྲོང་གསེབ་ཡུལ་སྐོར་གྱི་མངོན་འགྱུར་བའི་རྟེན་གཞི། རྒྱལ་ཡོངས་ཀྱི“གྲོང་གསེབ་མཛེས་ཤོས”བཅས་ལ་བདམས་ཡོད། སྙེ་མོ་རྫོང་མཁར་རུ་གྲོང་ཚོ་དང་། འདམ་གཞུང་རྫོང་སྦྲ་ཁ་གྲོང་ཚོ། སྟག་རྩེ་ཆུས་པད་ནག་གྲོང་ཚོ་བཅས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོར་བཅུག་པ་དང་། ཐོན་པ་གྲོང་རྡལ་དང་ཡངས་པ་ཅན་གྲོང་རྡལ་ཀྲུང་གོའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་མིང་ཐོར་ཚུད་པ། གྲོང་གསེབ་7ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ལ་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།