དབུ་ཤོག>ཆེད་སྒྲིག
  • བདེ་སྡོད་ཕུགས་འདུན་བསྒྲུབས། འབྱོར་འབྲིང་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-10

    ◆ པད་མ་རྣམ་རྒྱལ་གྱིས། གསལ་པོ་ངེས་པར་ཐོག་མར་སྡོད་ཁང་བསྐྲུན་སྐབས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་དང་མང་ཚོགས་ངལ་ནུས་ནང་ཞུགས་པ་དང་ཆ་སྙོམས་དུད་ཚང་རེར་སྒོར་ཁྲི་6རི་བའི་གཅིག་གྱུར་སྡོད་ཁང་བསྐྲུན་པ་མ་ཟད། ལམ་དང་། གློག་སྒྲོན། གྲོང་མིའི་ཐང་ཆེན་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱང་བསྐྲུན་ཡོད།

    ◆ 2015ལོར་རྡོ་རྗེ་དཔའ་མཚོའི་ནང་མི་བདུན་མཛེས་བཟོ་བྱས་པའི་སྡོད་ཁང་གསར་པར་སྤོས་པ་རེད། ད་ཆ་ལོ་55ལ་སླེབས་པའི་རྡོ་རྗེ་དཔའ་མཚོ་དང་ནང་མིས་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད། 

    ◆ 2015ལོར་ལྔ་མདའ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་70ཡི་མི་325ནང་ནས་དུད་ཚང་37དང་མི་155ཡུལ་གཞན་དུ་གནས་སྤོ་བྱས་པ། 2017ལོའི་ཟླ་བཅུ་གཅིག་པར། དུད་ཚང་37གྱི་མི་155སྡོད་ཁང་གསར་པར་སྤོས་པ་དེ་ཐོག་ནས་ལྔ་མདའ་གྲོང་ཚོ་དེ་ལམ་དང་། གློག ཁ་པར། སྦྲག་སྲིད། རླུང་འཕྲིན། རང་འབབ་ཆུ་ཀ་ལ་བཅས་ཤར་གཏོང་ཐུབ་པའི་གྲོང་ཚོ་གསར་པར་གྱུར་པ་མཚོན་ཡོད།

    ལོ་20ཙམ་རིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་རི་བོ་ཆེ་རྫོང་ལྔ་མདའ་གྲོང་ཚོའི་གྲོང་མི་ཚོས་སྡོད་ཁང་གི་འགྱུར་ལྡོག་ཆེན་པོ་གསུམ་བརྒྱུད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་སྡོད་གནས་ཁོར་ཡུག་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    སྡོད་ཁང་གི་འགྱུར་ལྡོག་ལས། ཚད་གཞི་ངེས་ཅན་གྱི་ཐོག་ནས་གྲོང་ཚོ་དེའི་གྲོང་མིའི་འཚོ་བ་དང་སྤྱི་ཚོགས་ཧྲིལ་པོའི་ཁོར་ཡུག་ཆེན་པོའི་འཕེལ་རྒྱས་དང་འགྱུར་ལྡོག་མཚོན་གྱི་ཡོད། ཉིན་ཤས་གོང་གསར་འགོད་པ་དང་བཅས་པ་རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་ལྔ་མདའ་གྲོང་ཚོར་བསྐྱོད་དེ་སྡོད་ཁང་གི་འགྱུར་ལྡོག་ཆེན་པོ་གསུམ་གྱི་གཏམ་རྒྱུད་ཤེས་རྟོགས་བྱས་པ་ཡིན།

    འགྱུར་ལྡོག་དང་པོ།

    བདེ་སྐྱིད་འཚོ་བ་སྐྱེལ་འགོ་ཚུགས།

    2004ལོར་ལྔ་མདའ་གྲོང་ཚོའི་གྲོང་མི་རི་འདེབས་ནས་རི་གཤམ་གྱི་རྒྱལ་ལམ་གཞོགས་སུ་སྤོས་ནས་རི་བོ་ཆེ་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་བཙུགས་ཏེ། རྫོང་དེའི་དཔེ་སྟོན་མིང་བྱང་དུ་གྱུར་པ་རེད། མ་སྤོས་གོང་ལྔ་མདའ་གྲོང་ཚོ་དབུལ་ཕོངས་རྗེས་ལུས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་མི་རྣམས་རི་འདེབས་སུ་སྡོད་པ་དང་། གློག་དང་ལམ་མེད་པའི་ཁར། འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་མེད་ལ་འཐུང་ཆུ་ཡང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རི་ལམ་དུ་བསྐྱོད་ནས་ལེན་དགོས་ཀྱི་ཡོད།

    འདི་ལོ་ལོ་49ལ་སླེབས་པའི་གྲོང་མི་པད་མ་རྣམ་རྒྱལ་གྱིས་2004ལོར་གནས་སྤོས་པའི་སྐོར་རྗོད་སྐབས། ཁོང་གིས“སྐབས་དེ་དུས་རི་འདེབས་ཀྱི་ཁང་པ་ཚང་མ་ཤིང་ཁང་ཡིན་པས། རྒྱ་ཆུང་ལ་བཞའ་ཚན་ཆེ་བས་ལྷག་པ་དང་རླུང་འགོག་མི་ཐུབ”ཅེས་བརྗོད་བྱུང་། གྲོང་ཚོས་རང་མོས་ངང་གནས་སྤོ་མཁན་ཐོ་འགོད་བྱེད་ཀྱི་ཡོད་པ་ཤེས་རྗེས། ཁོང་གིས་ཨང་དང་པོར་མིང་ཐོ་བཀོད་པ་རེད།

    ཐོག་མར་སྡོད་ཁང་སྐྲུན་སྐབས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ཞིང་མང་ཚོགས་ངལ་ནུས་ལ་ཞུགས་པ་དང་ཆ་སྙོམས་དུད་ཚང་རེར་སྒོར་ཁྲི་6རི་བའི་གཅིག་གྱུར་སྡོད་ཁང་བསྐྲུན་པ་མ་ཟད། ལམ་དང་། གློག་སྒྲོན། གྲོང་མིའི་ཐང་ཆེན་སོགས་ལེ་ལག་སྒྲིག་བཀོད་ཀྱང་བསྐྲུན་པ་དང་ཆབས་ཅིག གྲོང་ཚོའི་ལོ་རིམ་དང་པོ་དང་གསུམ་པའི་སློབ་ཁྲིད་ས་ཚིགས་དེ་ཡང་ས་མདོ་གྲོང་རྡལ་སློབ་ཆུང་གཉིས་པར་རིམ་པ་སྤར་བས་ཕྲུ་གུ་ཚོ་རྫོང་དུ་ལོ་རིམ་བཞི་པ་དང་ལྔ་པ་འགྲིམ་དགོས་མེད་པའི་འགྱུར་ལྡོག་དེ་དག་པད་མ་རྣམ་རྒྱལ་གྱི་བློ་ངོར་ད་བར་ངེས་ཡོད།

    སྤོས་ནས་ཡུན་རིང་མ་སོང་གོང་། པད་མ་རྣམ་རྒྱལ་གྱིས་དངུལ་བུན་གཡར་ནས་ཟོག་འདྲེན་རླངས་འཁོར་རྙིང་པ་ཞིག་ཉོས་ཏེ་དངོས་ཟོག་དབོར་ཞིང་། ལོ་ལྔ་སོང་རྗེས། ཁོང་གིས་སྨི་ངོས་གྲུ་420ཡོད་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པ་བརྒྱབ་པ་རེད།

    པད་མ་རྣམ་རྒྱལ་དང་འདྲ་བའི་གྲོང་མི་ལྔ་མདའ་གྲོང་ཚོར་ད་དུང་མང་པོ་ཡོད། འགྲིམ་འགྲུལ་སྟབས་བདེ་བའི་ལེགས་ཆ་དང་རི་བོ་ཆེ་ནས་ཆབ་མདོའི་བར་གྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭ་སྐྲུན་པའི་གོ་སྐབས་ལ་བརྟེན་ནས་ལྔ་མདའ་གྲོང་ཚོས་གྲོང་མིའི་སྣེ་ཁྲིད་དེ་ངལ་ནུས་ཕྱིར་གཏོང་བྱས་པ་མ་ཟད། སྐྱེལ་འདྲེན་རུ་ཁག་སྒྲིག་འཛུགས་ཀྱིས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པ་རེད།

    2009ལོར་གྲོང་ཚོ་དེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7139ཟིན་ནས་ཆབ་མདོ་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲོང་མི་མི་ཉུང་བ་ཞིག་གིས་ཟོག་འདྲེན་རླངས་འཁོར་ཉོས་པ་དང་གྲོང་མི་ལ་ལས་བརྙན་འཕྲིན་དང་འཁྲུད་འཁོར་ཉོས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་པ་རེད།

    འགྱུར་ལྡོག་གཉིས་པ།

    གྲོང་གསེབ་གསར་པ་སྐྲུན་པའི་དཔེ་སྟོན་ཁུལ་བཏོད་པ།

    རྒྱལ་ལམ་གྱི་འགྲམ་དུ་ལངས་པའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ངག་དབང་བདེ་ཆེན་གྱིས་གསར་འགོད་པར“རྒྱལ་ལམ་ངོགས་གཉིས་སུ་བརྒྱབ་པའི་སྡོད་ཁང་78ནི་2011ལོར་བསྐྲུན་པ་ཞིག་རེད”ཅེས་བརྗོད་བྱུང་།

    2011ལོར་རི་བོ་ཆེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པའི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྔ་མདའ་གྲོང་ཚོ་རི་བོ་ཆེ་རྫོང་གི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་1170བཏང་བ་རེད།

    ཚད་གཞི་མཐོ་བ་དང་འགོ་འཛུགས་ས་མཐོ་བའི་འཆར་འགོད་གཞིར་བཟུང་རིམ་པ་དབྱེ་ནས་འཆར་གཞི་ལག་བསྟར་བྱས་ཤིང་། སྔར་ཡོད་ཀྱི་རྨང་གཞིའི་ཐོག་གྲོང་མིའི་ཐང་ཆེན་དང་། གྲོང་ཚོའི་གཞུང་ལས་ཐོག་ཁང་། ཁུལ་ཆུང་གི་ལམ། གྲོང་གསེབ་གློག་དྲའི་གློག་ཤུགས་སྒྲིག་བཀོད་བཅས་རྒྱས་སྐྲུན་བྱས་པ་མ་ཟད། ཉི་གློག་བསྒར་ཞིང་ཆུ་རགས་གསར་པ་བསྐྲུན་པ་དང་ཆབས་ཅིག ཁུལ་ཆུང་སྔོ་འགྱུར་མཛེས་བཟོ་དང་རྫབ་རླངས་རྫིང་བུ་ཉམས་བཟོ་ཚོད་ལྟ་བཅས་བྱས་པ་རེད།

    གྲོང་མི་རྡོ་རྗེ་དཔའ་མཚོའི་ཁྱིམ་ནི་གནས་སྤོས་དུད་ཚང་78ཁྲོད་ཀྱི་གྲས་ཤིག་རེད། “2004ལོ་ནས་སྤོ་དགོས་བསམས་བྱུང་། ཡིན་ནའང་སྡོད་ཁང་ཉམས་བཟོའི་རྒྱུ་ཆ་གྲ་སྒྲིག་ཡག་པོ་བྱུང་མེད་པས་སྤོ་ཐུབ་མ་བྱུང་། 2011ལོར་གྲོང་ཚོས་འཆར་འགོད་ལྟར་སྡོད་ཁང་བཅུ་གྲངས་ཉམས་བཟོ་བྱེད་རྒྱུའི་བརྡ་ཐོ་བཏང་བས། ལམ་སེང་མིང་ཐོ་བཀོད་པ་ཡིན”ཞེས་བརྗོད་བྱུང་།

    ངག་དབང་བདེ་ཆེན་གྱིས་རྫོང་གིས་སྡོད་ཁང་གི་བཟོ་ལྟའི་ཇུས་གཞི་བཏོན་པ་དང་བོད་སྐྱོར་མ་དངུལ་ནས་དུད་ཚང་རེར་སྒོར་ཁྲི་4ཁ་གསབ་བྱས་པ་དང་རྫོང་ནོར་སྲིད་ཀྱིས་དུད་ཚང་རེར་ལེ་ལག་མ་དངུལ་སྒོར་ཁྲི་2བཏང་བ་རེད། གྲོང་མིས་ངལ་ནུས་བཏང་ན་འགྲིག་གི་འདུག་ཅེས་བརྗོད་བྱུང་།

    2015ལོར་རྡོ་རྗེ་དཔའ་མཚོའི་ནང་མི་བདུན་མཛེས་བཟོ་བྱས་པའི་སྡོད་ཁང་གསར་པར་སྤོས་པ་རེད། ད་ཆ་ལོ་55ལ་སླེབས་པའི་རྡོ་རྗེ་དཔའ་མཚོ་དང་ནང་མི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། ཁོང་དང་བཟའ་ཟླ་ཚེ་ཆོས་སྒྲོལ་མ་ས་རྡོ་གྲོང་རྡལ་གྱི་སློབ་ཆུང་གཉིས་པར་ལས་ཀ་བྱེད་པ་དང་མི་གཉིས་ལ་ཟླ་རེར་གླ་ཆ་སྒོར་3400ཡོད། བུ་རྒན་པ་དང་མནའ་མ་ཉུང་མ་འདེབས་པ་དང་ཕྱིར་གླ་པ་བརྒྱུགས་ནས་ཡོང་འབབ་གསོག་གི་ཡོད། ཁྱིམ་ཚང་དེའི་འགྱུར་ལྡོག་ཆེ་ཤོས་ནི་ཕྲུ་གུ་གཉིས་སློབ་ཆེན་འགྲིམ་བཞིན་ཡོད་པ་དེ་ཡིན། ད་ཆ་བུ་ཆུང་བ་རིག་འཛིན་ཕུན་ཚོགས་ཆབ་མདོ་གློག་ཁང་དུ་དངོས་སྦྱོང་བྱེད་པ་དང་བུ་མོ་རིན་ཆེན་ཚེ་སྐྱིད་ཀྲེང་ཀྲོའུ་དགེ་འོས་སློབ་གླིང་དུ་སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད་པ་རེད།

    འགྱུར་ལྡོག་གསུམ་པ།

    གནས་སྤོས་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་པ།

    ལྔ་མདའ་གྲོང་ཚོའི་ས་བཀྲའི་ཐོག་འཁོད་པའི་འཛི་ཆུ་གཙང་པོའི་སྡོད་ཁང་གསར་པ་བཅུ་གྲངས་དེ་དག་ནི་གྲོང་ཚོ་དེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་རེད།

    2015ལོར་ལྔ་མདའ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་70ཡི་མི་325ཡི་ནང་ནས་དུད་ཚང་37གྱི་མི་155ཡུལ་གཞན་དུ་གནས་སྤོས་པ་རེད། སྔོན་མ་དུད་ཚང་37ཚང་མ་རི་སྐེད་དུ་སྡོད་པས་རང་བྱུང་ཆ་རྐྱེན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས། དཔལ་འབྱོར་ཡོང་འབབ་རྐྱང་པ། ཐོན་སྐྱེད་འཚོ་བ་ཧ་ཅང་དཀའ་ཚེགས་ཆེ་བ་བཅས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་མདའ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་འཆར་འགོད་གཅིག་གྱུར་དང་། ཚད་གཞི་གཅིག་གྱུར། གཅིག་སྡུད་འཛུགས་སྐྲུན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་དང་ས་ཡོམ་རིམ་པ་7འགོག་པའི་འཛུགས་སྐྲུན་ཇུས་གཞི་བཟོས་ནས། 2017ལོའི་ཟླ་བཞི་པར་དངོས་སུ་ལས་འགོ་ཚུགས་པ་རེད། མང་ཚོགས་ཀྱིས་རང་མོས་ངང་སྡོད་ཁང་གི་བཟོ་ལྟ་འདེམས་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་80ནས་120བར་མི་འདྲ་བ་ཡོད་ལ། སྡོད་ཁང་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི་370བཏང་བ་དང་ལེ་ལག་སྒྲིག་ཆས་ལ་ཁྱོན་མ་དངུལ་སྒོར་ཁྲི་370བཏང་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཐད“བརྒྱད་འཛོམས་ཞིང་དུད”ཀྱི་རྩ་དོན་གཞིར་བཟུང་ཉམས་བཟོ་བྱས་ཡོད།

    2017ལོའི་ཟླ་བཅུ་གཅིག་པར། དུད་ཚང་37གྱི་མི་155སྡོད་ཁང་གསར་པར་སྤོས་པ་ལས། ལྔ་མདའ་གྲོང་ཚོ་ལམ་དང་། གློག ཁ་པར། སྦྲག་སྲིད། རླུང་འཕྲིན། ཆུ་ཀ་ལ་བཅས་ཤར་གཏོང་ཐུབ་པའི་གྲོང་ཚོ་གསར་པར་གྱུར་པ་མཚོན་ཡོད།

    དོན་གྲུབ་རྒྱ་མཚོའི་སྡོད་ཁང་གསར་པར་ལྟ་བར་སྐྱོད་སྐབས། ནང་ཆས་གྲལ་བསྟར་བསྒྲིགས་ཤིང་། ཁོང་གིས“སྡོད་ཁང་རྙིང་པ་རང་སོར་བཞག་ནས་ཐོན་སྐྱེད་ཀྱི་ཡོ་བྱད་དང་རྒྱུ་ནོར་ཚང་མ་རང་སོར་བཞག་ཡོད། ད་ཆ་ནང་མི་བཞི་པོ་སྨི་ངོས་གྲུ་80ཡོད་པའི་སྡོད་ཁང་དུ་སྤོས་ཡོད། དགུན་དུས་འཁྱག་པའི་སེམས་ཁྲལ་མི་འདུག”ཅེས་ལོ་78ལ་སླེབས་པའི་ཁོང་གིས་དེ་ལྟར་བརྗོད་བྱུང་།

    མང་ཚོགས་དབུལ་པོའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱ་ཆེད། ལྔ་མདའ་གྲོང་ཚོས་སྔར་ཡོད་ཀྱི་འགྱིག་ཤོག་དྲོད་ཁང་དང་། ངལ་ནུས་ཕྱིར་གཏོང་། སྐྱེལ་འདྲེན་རུ་ཁུག་བཙུགས་པ་བཅས་ཀྱི་རྨང་གཞིའི་ཐོག་རྫོང་མི་སྤྱི་ཅུས་དང་། ཁ་ལོ་བའི་སློབ་གྲྭ ལས་རིགས་ལག་རྩལ་སློབ་གྲྭ་སོགས་ལ་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་རོགས་རམ་བྱས་ཏེ་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཞུགས་གཞན་སྒྱུར་ཁྲོད་ནས་ཡོང་འབབ་འཕར་བར་བྱས་ཡོད།

    མིག་སྔའི་བར་ལྔ་མདའ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་47ལ་རླངས་འཁོར་དང་། འདོན་འཇུག་འཕྲུལ་འཁོར། ས་འདྲུ་འཕྲུལ་འཁོར། གྱོན་ཆས་ལས་སྣོན། འཛུགས་སྐྲུན་སོགས་ཀྱི་གསོ་སྦྱོང་ལ་ཞུགས་པ་དང་ཚང་མ་ལས་ཞུགས་ཐུབ་སྟེ་ཟླ་རེར་ཆ་སྙོམས་མི་རེར་ཡོང་འབབ་སྒོར་2200ཙམ་ཡོང་གི་ཡོད།

    2018ལོར་ལྔ་མདའ་གྲོང་ཚོ་ཧྲིལ་པོ་དབུལ་ཞྭ་ཕུད་ཅིང་། གྲོང་ཚོའི་འགྲམ་དུ་དལ་གྱིས་རྒྱུག་པའི་འཛི་ཆུ་གཙང་པོས་ལྔ་མདའ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གི་འགྱུར་ལྡོག་ལ་དཔང་པོ་བྱེད། རྒྱང་རིང་དུ་ཕྱོགས་སྐབས་ལྔ་མདའ་གྲོང་ཚོ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་སྣང་ཞིང་། དུས་རབས་གསར་པར་ཕུགས་བསམ་དང་རེ་བས་ཁེངས་བཞིན་པའི་ལྔ་མདའ་གྲོང་ཚོའི་གྲོང་མི་རྣམས་དབུལ་སྒྲོལ་འབྱོར་ཕྱུག་གི་ལམ་བུར་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།