དབུ་ཤོག>ཆེད་སྒྲིག
  • ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-07

    དབུལ་སྒྲོལ་ཕྱུག་འགྱུར་ལས་ལ་བྲེལ་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས་སྤེན་པས་སེམས་འགུལ་ཐེབས་བཞིན་དུ“ཏང་དང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རིམ་ཁག་ལས་བྱེད་པས་རོགས་སྐྱོར་གནང་ནས་ང་ཚོའི་ཁྱིམ་ཚང་དབུལ་ཕོངས་གནས་ལས་སྒྲོལ་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བས། ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    སྤེན་པ་དང་ཁོང་གི་ནང་མི་ཚང་མ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོར་སྡོད་ཀྱི་ཡོད། ནང་ལ་མི་འབོར་མང་ཡང་ངལ་ནུས་ཉུང་ཉུང་ཡིན་ཁར་2013ལོར་བཟའ་ཟླ་ཉི་སྒྲོན་ལ་ནད་གཞི་ལྕི་པོ་ཕོག་སྟབས་ཁྱིམ་ཚང་གི་འཚོ་བའི་ཁ་ཐབས་ཉིན་རེ་ལས་མ་འདས་པར་ཞན་དུ་སོང་ནས་མཐར་དབུལ་ཞིང་ཕོངས་པའི་གནས་ལ་གྱར།

    “2014ལོར་ང་ཚོས་ཁྱིམ་དུད་དུ་བསྐྱོད་དེ་ཆ་འཕྲིན་བསྡུ་ལེན་བྱེད་སྐབས་སྤེན་པའི་བཟའ་ཟླ་ཉི་སྒྲོན་ལ་སྟབས་མ་ལེགས་པར་ནད་ཕོག་ནས་འཚོ་བ་རང་མགོ་མ་ཐོན་པ་དང་ནང་མི་བདུན་པོ་བུ་ཚེ་བརྟན་གྱི་གླ་ཆ་ཕྲན་བུ་དང་གྲོང་ཚོའི་མཉམ་སྡེབ་བགོ་འགྲེམས་ལ་བརྟེན་ནས་འཚོ་ཐབས་བྱེད་དགོས་པས་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། སྐབས་དེ་དུས་ང་ཚོས་རྟོག་ཞིབ་དང་ཞིབ་འཇུག་བྱས་མཐར་སྤེན་པའི་ནང་མི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་ཡིན”ཞེས་ཚལ་གུང་ཐང་ཁྲོམ་གཞུང་གི་ལས་དོན་མི་སྣ་ཅང་ཅ་ཁྲེང་གིས་བཤད།

    “2015ལོར་ཉི་སྒྲོན་ལ་ནད་ལོག་བརྒྱབ་ནས་འཕྲལ་མར་གཤག་བཅོས་བྱེད་དགོས་པ་དང་སྨན་རིན་མཐོ་བའི་རྐྱེན་གྱིས་ང་ཚོར་ཁུར་པོ་ལྕི་པོ་བྱུང”ཞེས་སྤེན་པས་ཕྱིར་དྲན་བྱས་ནས་བཤད། སྐབས་དེ་དུས་གྲོང་ལྷན་དང་སྤྱི་ཚོགས་ཕྱོགས་ཁག་གི་རོགས་རམ་འོག་ཉི་སྒྲོན་ལ་གཤག་བཅོས་བྱེད་ཐུབ།

    “སྐབས་དེ་དུས། ཉི་སྒྲོན་ལ་གཤག་བཅོས་བྱེད་པའི་གནས་ཚུལ་དེ་བརྒྱུད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འདོད་པའི་ང་ཚོའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང”ཞེས་སྤེན་པས་བཤད། ཡང་ཁོང་གིས“2016ལོའི་ཟླ་3པར་ཁྲོམ་གཞུང་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པས་ང་ཚོའི་ཁྱིམ་གྱི་དངོས་ཡོད་དཀའ་ངལ་ལ་བསམ་བློ་བཏང་ནས་གོང་རིམ་ལ་འདུན་ཞུ་བྱས་བྱུང་ལ། སྟབས་ལེགས་པ་ཞིག་ལ་ང་ཆེད་བསྐོས་ནགས་སྲུང་བ་དང་སྐྱིད་ཆུའི་བདག་སྐྱོང་བར་བསྡུས་བྱུང་། ང་རང་ཡང་ཁྱིམ་གྱི་ཉེ་འཁོར་དུ་ལས་ཞུགས་ཐུབ་པས་གཅིག་ནས་བཟའ་ཟླར་ལྟ་རྟོག་བྱེད་ཐུབ་ལ། གཉིས་ནས་གྲོང་ཚོའི་མཉམ་སྡེབ་བགོ་འགྲེམས་ལོངས་སྤྱོད་བྱེད་ཐུབ་པའང་བྱུང”ཞེས་བཤད།

    2016ལོར་གཤག་བཅོས་བྱས་པའི་ཉི་སྒྲོན་གྱི་གཟུགས་གཞི་རིམ་བཞིན་ཐང་དུ་སོང་བ་དང་སྤེན་པས་རང་ཉིད་ཀྱི་ལས་གནས་ཐོག་ཧུར་ཐག་འབད་ཐག་བྱས་པ་མ་ཟད། ལས་ཞོར་གྱི་དུས་ཚོད་སྤྱད་དེ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས་ནས་སྔོ་ཚལ་འདེབས་འཛུགས་ཀྱང་བྱས། “ལོ་དེར་དགའ་འོས་པའི་བྱ་བ་གཉིས་བྱུང་བ་སྟེ། གཅིག་ནི་ང་ཚོའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་པ་དང་། གཉིས་ནི་ལོ་མང་རིང་རེ་སྒུག་བྱས་པའི་ཕྱུག་འགྱུར་དམིགས་ཡུལ་སྒྲུབ་ཐུབ་སོང་། ལོ་དེར་གྲོང་ཚོའི་མཉམ་སྡེབ་བགོ་འགྲེམས་བསྡོམས་ན་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་འདུག”ཅེས་སྤེན་པས་2016ལོའི་གནས་ཚུལ་ཕྱིར་དྲན་བྱས་ནས་བཤད།

    2013ལོ་ནས་2016ལོ་བར་སྤེན་པའི་ཁྱིམ་ཚང་ལ་བར་ཆད་དང་དཀའ་སྡུག་ཡང་ཡང་འཕྲད་ཀྱང་ཁོང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་དང་། ཏང་དང་སྲིད་གཞུང་དང་། ཁྲོམ་གཞུང་། གྲོང་ལྷན་བཅས་ཕྱོགས་ཁག་གི་རོགས་སྐྱོར་འོག་ཏན་ཏན་ཏིག་ཏིག་ངང་གསར་གཏོད་འབབ་འཕར་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ནས་དཔེ་མཚོན་གྱི་དབུལ་སྒྲོལ་དུད་ཚང་ཞིག་ཏུ་གྱུར་བ་དང་། མཐར་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དེ་དབུལ་སྒྲོལ་ལམ་བུའི་ཐོག་གི་བཀྲག་མདངས་འཚེར་བའི་དར་ཆ་ཞིག་ཏུ་གྱུར་ཡོད།

    “དེ་དག་ཐམས་ཅད་དབུལ་སྐྱོར་སྲིད་ཇུས་དང་། ལས་བྱེད་པའི་རོགས་སྐྱོར། ཁྱིམ་མཚེས་ཚོའི་རྒྱབ་སྐྱོར་དང་རོགས་རམ་བཅས་དང་ཁ་འབྲལ་ཐབས་མེད། ཏང་དང་སྲིད་གཞུང་གི་མི་སེམས་དྲོད་པའི་སྲིད་ཇུས་བཟང་པོ་དེ་ལས་ང་ཚོའི་ཁྱིམ་ཚང་ལ་གཞི་ནས་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད”ཅེས་སྤེན་པས་བཀའ་དྲིན་ཚོར་བཞིན་དུ་བཤད།

    ཚལ་གུང་ཐང་ཁྲོམ་གཞུང་གི་ལས་དོན་མི་སྣ་ཅང་ཅ་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྗེས་སྤེན་པའི་ཁྱིམ་ཚང་གིས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་གཞན་དག་ལ་རང་འགུལ་ངང“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་བསྐྱུར་ནས་རང་སྟོབས་རང་སྤེལ་དང་བཀའ་དྲིན་ཤེས་པའི་མི་ཞིག་བྱ་རྒྱུའི་སློབ་གསོ་གཏོང་གི་ཡོད། “ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ་ནི་གཟི་བརྗིད་ཅིག་རེད”ཅེས་སྤེན་པས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།