དབུལ་སྒྲོལ་འགག་སྒྲོལ་ཁྲོད་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱ་ཆེད། བྲག་ཡིབ་ཆུས་ཀྱིས“བློ་སྐྱོར་དང་རིག་སྐྱོར”གྱི་རྩ་དོན་གཞིར་བཟུང་། སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པ་དང་། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད། སྒྲོག་འགྲེལ་རྐང་འཛིན་པ་བདམས་པ། ཆེད་དོན་གྲོན་དངུལ་་གཏོང་བ་བཅས་ལ་བརྟེན་ནས། དབུལ་སྒྲོལ་འགག་སྒྲོལ་གྱི“ཉེ་འགྲམ་གྱི་མིག་དཔེ་བཟང་པོ”དྲིལ་བསྒྲགས་བྱེད་པའི་མི་སེར་གྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་བཙུགས་ཤིང་། ཉེ་དུས་དུས་ཡུན་ཉིན་10ཡི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྲིད་འཛིན་གྲོང་ཚོ་60ལ་ཁྱབ་པ་སྤེལ་བ་དང་། ཉེ་འགྲམ་གྱི་གཏམ་རྒྱུད་ཐུང་ངུར་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བསམ་བློ་དང་འཇོན་ཐང་གི་དབུལ་རྩ་བཀོག་རྒྱུ་ཡིན་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བའི་བླང་བྱ་བཏོན་ཏེ《དབུལ་སྒྲོལ་འགག་སྒྲོལ་གྱི“ཉེ་འགྲམ་གྱི་མིག་དཔེ་བཟང་པོའི”མི་སེར་གྱི་སྐོར་སྐྱོད་སྒྲོག་འགྲེལ་ལས་དོན་ཇུས་གཞི》བཟོས་པ་དང་ཆབས་ཅིག སྒྲོག་འགྲེལ་གྱི་ལས་འགན་གཙོ་བོ་དང་། སྒྲོག་འགྲེལ་གྱི་རྣམ་པ། ཁྱབ་ཁོངས་བཅས་ཁ་གསལ་བཟོས་ཏེ། ཤང་དང་གྲོང་རྡལ་ཁག་ནས་དབུལ་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། ཕྱུག་འགྱུར་སྣེ་ཁྲིད་པ། དབུལ་པོ་ལས་བསྒྲལ་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སོགས་ཀྱི་འཐུས་མི་6བདམས་ཏེ། བྲག་ཡིབ་ཆུས་ཨུད་དྲིལ་བསྒྲགས་པུའི་འགོ་ཁྲིད་ཀྱིས་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་བྱེད་པའི་སྒྲོག་འགྲེལ་ཚོགས་པ་བཙུགས་པ་དང་འབྲེལ། ཚོགས་པ་དེར་སྒོར་ཁྲི་3གྱི་འགན་ལེན་གྲོན་དངུལ་གཏོང་རྩིས་ཡོད་པར“མང་ཚོགས་ཀྱིས་ཤོད་པ་དང་མང་ཚོགས་ཀྱི་གནས་ཚུལ་ཤོད་པའི”རྩ་དོན་གཞིར་བཟུང་། ཚན་པ་ཁག་གིས་སྒྲོག་འགྲེལ་པར་སྒྲོག་འགྲེལ་གྱི་ཡིག་ཆ་བཟོས་པ་དང་འབྲེལ་ཁ་སྐད་ནས་སྦྱོང་བརྡར་བྱས་ཏེ། གོ་བདེ་ཤེས་སླ་དང་གསོན་ཉམས་ལྡན་ཞིང་བརྗོད་སྙིང་ཟབ་པོ་ཡོད་པར་བྱས་པ་རེད། “རྒྱལ་ཡོངས་ཀྱི་གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་གི་དཔེ་སྟོན་གྲོང་ཚོ”ཡིན་པའི་རྒྱུ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་མང་ཚོགས་སྣེ་ཁྲིད་དེ་འབྲི་ཏ་ས་འཛིན་བཏབ་པའི་ཕྱུག་འགྱུར་གྱི་ཉམས་མྱོང་བརྗོད་པར་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། སྨན་རི་ཤང་གླང་གནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། ཧྲུའུ་ཅི་ཨང་དང་པོ། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཡིན་པའི་གཡུང་དྲུང་སྟོབས་རྒྱལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་གསལ་འགྲེལ་བྱས་པའི་ཁར་མང་ཚོགས་དང་མཉམ་དུ་ཡོང་འབབ་ལ་བརྩིས་བརྒྱབ་པས་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་། ཕན་པ་གང་དུ་ཡོད་པ། ཕན་པ་སུ་ལ་ཐོབ་པ་བཅས་དངོས་འབྲེལ་ཤེས་ཐུབ་པ་བྱུང་ཡོད། བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོའི་ཝེ་ཐུང་དམངས་ཕན་སྤོས་ལས་སྣོན་མཉམ་ལས་ཁང་གི་འགན་འཁུར་བ་བསམ་གྲུབ་ཀྱིས་སྲིད་གཞུང་གི་རོགས་དངུལ་སྒོར་ཁྲི་30.98ལ་བརྟེན་ནས་སྤོས་བཟོ་གྲྭ་བསྐྲུན་པ་དང་། རང་ཉིད་དབུལ་པོ་ལས་བསྒྲལ་བ་དང་ཆབས་ཅིག གྲོང་ཚོའི་དུད་ཚང་དབུལ་པོ་6དང་བགོ་འགྲེམ་གྱི་གན་རྒྱ་བཞག་ནས་ལོ་ལྟར་ཁོང་ཚོར་སྒོར་3000ལྷག་ཙམ་བགོ་བཤའ་རྒྱག་པའི་རྨང་གཞིའི་ཐོག་ད་དུང་ངལ་ནུས་ལྡན་པའི་དུད་ཚང་དབུལ་པོ་སྤོས་བཟོ་གྲྭར་བཅུག་ནས་མང་ཚོགས་དབུལ་པོ་ཕ་ཡུལ་ནས་འབྲལ་མི་དགོས་པར་འབྱོར་འབྲིང་གི་ལམ་བུར་སྐྱོད་ཐུབ་པར་བྱས་ཡོད། 2018ལོར་བསམ་གྲུབ་ལ་ཉིང་ཁྲི་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་གྱི“དབུལ་སྒྲོལ་ཕྱུག་འགྱུར་གྱི་གཟི་བརྗིད་དུད་ཚང”གི་མཚན་སྙན་ཐོབ་པ་རེད།
“ངོ་ཐུག་གདོང་འཕྲད”ཀྱིས་སྒྲོག་འགྲེལ་བྱས་ནས་སྒྲོག་འགྲེལ་ཚང་མར་ཁྱབ་པར་བྱས་པ། ཏང་གི་སྲིད་ཇུས་དང་། འདུ་ཤེས། བསམ་བློ་བཅས་དུད་ཚང་དུ་དྲིལ་བསྒྲགས་བྱས་ནས་དྲོ་སྐྱིད་དང་། བློ་སྟོབས། ངར་ཤུགས་བཅས་སེམས་སུ་ཟུག་པར་བྱས་ཤིང་། ངོ་ཐུག་གདོང་འཕྲད་དང་ཚང་མར་ཁྱབ་པའི་བླང་བྱ་དོན་འཁྱོལ་བྱ་ཆེད། སྒྲོག་འགྲེལ་ཚོགས་པས་ཁོངས་གཏོགས་ཁུལ་གྱི་ཤང་དང་གྲོང་རྡལ་ཁག་སྒྲོག་འགྲེལ་ཁུལ་ཁོངས་6ལ་ཕྱེ་ནས་འབྲེལ་གཏུག་པ་བཀོད་སྒྲིག་དང་བསམ་འཆར་བསྡུ་ལེན་སོགས་སྔོན་ནས་བྱས་པ་རེད། གཅིག་སྡུད་ཁྱབ་པའི་སྒྲོག་འགྲེལ་གྱི་རྨང་གཞིའི་ཐོག་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཇ་ཁང་དང་། ཚོང་ཁང་། ཚལ་ཞིང་། ཤིང་འབྲས་ལྡུམ་ར་སོགས་སུ་བསྐྱོད་ནས་མང་ཚོགས་རེ་རེ་བཞིན་དཔྱད་བསྡུར་སྤེལ་རེས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། སློབ་གསོ་སྨན་བཅོས། སྤྱི་ཚོགས་འགན་བཅོལ། མི་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཐད་ཀྱི་དམངས་ཕན་སྲིད་ཇུས་ལ་གསལ་འགྲེལ་དང་སློབ་སྦྱོང་བྱས་པ་རེད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི“སྐྱོན་ཆ་འཚོལ་བ་དང་ཞན་ཆ་གསབ་པའི”ལྷུ་ཚིགས་དང་ཟུང་འབྲེལ་བྱས་ཏེ་ཚང་མ་དང་སྤེལ་རེས་གཏིང་ཟབ་བྱས་ནས་ཁྱོན་བསམ་འཆར་དང་གྲོས་འགོ་30ལྷག་ཙམ་བསྡུ་ལེན་བྱས་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་ཁྱོན་སྒྲོག་འགྲེལ་ཐེངས་60བྱས་པར་སྒྲོག་འགྲེལ་པ་ཆ་སྙོམས་མི་རེས་སྒྲོག་འགྲེལ་ཐེངས་25བྱས་ནས། གྲོང་རྡལ་3དང་ཤང་3གྱི་མང་ཚོགས་3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། མང་ཚོགས་ཚོས་སྒྲོག་འགྲེལ་ཉན་རྗེས། ཕྱུག་པོ་ཆགས་དགོས་ལ་བསམ་བློར་ཡང་འགྱུར་ལྡོག་གཏོང་དགོས། རང་འགུལ་ངང“སྒྱིད་ལུག”དང“སྒུག་རྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།