དབུ་ཤོག>ཆེད་སྒྲིག
  • ཚེ་ཆུ་གཙང་འགྲམ་དུ་འབྱུང་འགྱུར་གྱི་འཚོ་བར་རེ་བ་གསར་པས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-05

    ནག་ཆུ་གྲོང་ཁྱེར་བྱང་འདབས་ཀྱི་ཚེ་ཆུ་གཙང་འགྲམ་གྱི་ཡུལ་གཞན་དུ་གཅིག་སྡུད་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་སྐྱོད་སྐབས། མིག་ལམ་དུ་གཙང་ཞིང་གྲལ་འགྲིག་པའི་དེང་རབས་ཅན་གྱི་ཐོག་བརྩེགས་ཁང་ཆེན་གསར་པ་དང་། ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ། ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ། ཚོང་ཁང་མང་བ། ཕར་འགྲོ་ཚུར་འོང་བྱེད་མཁན་མང་བ་བཅས་ཀྱི་འཁྲུག་ཆ་དོད་པའི་རྣམ་པ་རིམ་གྱིས་མངོན།

    ནག་ཆུ་གྲོང་ཁྱེར་བྱང་འདབས་ཀྱི་ཡུལ་གཞན་དུ་གཅིག་སྡུད་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.23བཏང་བ་དང་། 2016ལོ་ནས་བཟུང་དུས་ཐེངས་3ལ་ཕྱེ་ནས་འཆར་འགོད་འཛུགས་སྐྲུན་བྱས་ཡོད། ན་ནིང་གི་ཟླ་9པ་བར་རིམ་རྩིས་བྱས་ན་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་673གྱི་མི་གྲངས་3126གནས་སྤོ་བཀོད་སྒྲིག་བྱས་ཡོད། འབྲོག་པ་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་དངོས་འབྲེལ་སྐོང་ཆེད་གནས་སྤོས་བྱ་ཡུལ་དུ་སྨི་ངོས་གྲུ་80དང་། སྨི་ངོས་གྲུ་100 སྨི་ངོས་གྲུ་120སོགས་ཁང་པ་ཆེ་ཆུང་མི་འདྲ་བ་བསྐྲུན་ཡོད། དེ་ནི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་གྱི་ནང་དོན་གཙོ་བོ་ཞིག་ཡིན་ལ། “ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ལས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱིས་དཀའ་བའི”གནད་དོན་ཐག་གཅོད་བྱེད་པའི་ཁ་ཚ་དགོས་གཏུག་ཅིག་ཀྱང་རེད།

    ཚེ་གཡང་རང་ཉིད་ལ་དབང་བའི་ཁང་པ་གཞི་ནས་རག་པ།

    “ཧ་ཅང་དགའ་པོ་འདུག”ཅེས་པའི་སྐད་ཆ་ནི་ཚེ་གཡང་གིས་གསར་འགོད་པ་དང་འཕྲད་སྐབས་ཀྱི་སྐད་ཆ་དང་པོ་དེ་རེད། ཚེ་གཡང་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་བུ་ཆུང་བ་བཀྲ་ཤིས་ནོར་བུ་པང་དུ་བཏབ་ནས་སྡེ་ཁུལ་དུ་འཆམ་འཆམ་བྱེད་བཞིན་འདུག

    ཚེ་གཡང་གིས་ང་དང་བཟའ་ཟླ་ཕུན་ཚོགས་བཀྲ་ཤིས་གཉིས་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ཕུར་བཟོ་གྲོང་ཚོ་ནས་ཡིན་པ་དང་ང་གཉིས་གཉེན་སྒྲིག་བྱས་རྗེས་རང་ཉིད་ལ་དབང་བའི་ཁང་པ་མེད་པར་བརྟེན་ཡུན་རིང་ཁང་པ་གླས་ནས་བསྡད་པ་ཡིན། གཙོ་བོ་བཟའ་ཟླས་བོགས་གཏོང་རླངས་འཁོར་བཏང་བའི་གླ་ཆར་བརྟེན་ནས་ལྟོ་གོས་འཚོ་ཐབས་བྱེད་པ་དང་། ཟླ་གཅིག་ལ་གླ་ཆ་སྒོར་2000ཡང་མེད་པས་དངུལ་དེར་བརྟེན་ནས་ནང་མི་ལྔ་འཚོ་ཐབས་བྱེད་དགོས་དུས་དཀའ་ངལ་ཧ་ཅང་ཆེན་པོ་འདུག དེའི་ནང་ནས“ཟླ་རེར་ཁང་གླ་སྒོར་1000ཙམ་སྤྲོད་དགོས་སྟབས་དངུལ་ལྷག་མ་ཕྲན་བུ་ལས་མེད”ཅེས་ཁོང་གིས་སྔར་སོང་ལ་ཕྱིར་དྲན་གསོ་བྱེད་སྐབས་མགྲིན་པ་རྣོང་བཞིན་དུ་གསར་འགོད་པར་དེ་ལྟར་བཤད་བྱུང་།

    2018ལོའི་ཟླ་8པར་ཚེ་གཡང་གི་ནང་མི་བོགས་གཏོང་ཁང་པ་ནས་ནག་ཆུ་གྲོང་ཁྱེར་བྱང་འདབས་ཀྱི་ཡུལ་གཞན་དུ་གཅིག་སྡུད་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་སྤོས། སྨི་ངོས་གྲུ་90ཟིན་པའི་ཁང་པའི་ནང་ཉལ་ཁང་གཉིས་དང་། ཚོམས་ཆེན་གཅིག ཐབ་ཚང་གཅིག གསང་སྤྱོད་གཅིག་བཅས་ཆ་ཚང་ཡོད་པས་ཚེ་གཡང་དགའ་ཐག་ཆོད་ནས“དེ་སྔ་ཁྱིམ་དུ་ངོ་དྲག་པའི་ཁྱིམ་ཆས་གཅིག་ཀྱང་མེད། ད་ཆ་རྒྱ་ལྕོག་དང་། ཉལ་ཁྲི། ཆ་སྒམ་སོགས་གང་དགོས་ཚང་མ་ཡོད་པ་དེ་དག་ནི་སྲིད་གཞུང་གིས་གནང་བས་ད་ཆ་ཁང་པ་མེད་པའི་འཚོ་བ་མཇུག་འགྲིལ་སོང”ཞེས་བཤད།

    དེ་རྗེས་ཕུན་ཚོགས་བཀྲ་ཤིས་ལ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་བརྒྱུད་འདོན་འཇུག་འཕྲུལ་འཁོར་གཏོང་བའི་ལག་ཁྱེར་རག མིག་སྔར་ཕུན་ཚོགས་བཀྲ་ཤིས་ཉེ་འགྲམ་གྱི་ཨར་སྐྲུན་ལས་ཡུལ་དུ་སྐྱེལ་འདྲེན་ལས་ལ་ཞུགས་པར་ཟླ་རེར་ཡོང་འབབ་སྒོར་6000ལྷག་ཙམ་ཡོང་གི་ཡོད་པ་དང་། ཚེ་གཡང་སྡེ་ཁུལ་གྱིས་གཉེར་བའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དབུལ་སྐྱོར་འཁོར་ཁང་དུ་ལས་ཀ་བྱས་པར་ལོར་ཡོང་འབབ་སྒོར་ཁྲི་1ཙམ་ཡོང་གི་ཡོད། ལོ་9ལ་སླེབས་པའི་བུ་མོ་ཡེ་ཤེས་ལྷག་སྒྲོན་ཉེ་འགྲམ་གྱི་བདེ་སྐྱིད་ཆ་ཚང་སློབ་ཆུང་དུ་ལོ་རིམ་གསུམ་པ་འགྲིམ་བཞིན་ཡོད།

    བསྟན་འཛིན་ཕུན་ཚོགས་ཀྱིས་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱས་པ།

    འདི་ལོ་ལོ་35ལ་སླེབས་པའི་བསྟན་འཛིན་ཕུན་ཚོགས་ནི་གསེར་རྙེད་ཆུས་ཀྱི་འོ་མ་དེང་དགེ་གྲོང་ཚོ་ནས་ཡིན། 2016ལོར་བསྟན་འཛིན་ཕུན་ཚོགས་ཀྱི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། བཟའ་ཟླ་བདེ་སྐྱིད་ཚེ་རིང་དང་གཉེན་སྒྲིག་བྱས་རྗེས། ཁོང་ནག་ཆུ་གྲོང་ཁུལ་དུ་བོགས་གཏོང་རླངས་འཁོར་བཏང་ནས་སྡོད་པ་དང་། ཟླ་རེར་ལྟོ་རིན་འཐེན་རྗེས་ཧ་ལམ་གསོག་དངུལ་ལྷག་མ་མེད།

    2018ལོར། གསེར་རྙེད་ཆུས་སྲིད་གཞུང་གི་རོགས་རམ་འོག བསྟན་འཛིན་ཕུན་ཚོགས་ཀྱི་ནང་མི་ཡུལ་གཞན་དུ་གཅིག་སྡུད་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་སྤོས་ནས་སྨི་ངོས་གྲུ་80ཙམ་གྱི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད། “རང་ཉིད་ལ་དབང་བའི་ཁང་པ་ཡོད་པས་སྔོན་ཆད་ལྟར་ཁང་གླར་སེམས་ཁྲལ་བྱེད་དགོས་མེད”ཅེས་བདེ་སྐྱིད་ཚེ་རིང་གིས་དགའ་ཚོར་ཆེན་པོས་བཤད།

    བསྟན་འཛིན་ཕུན་ཚོགས་ཁ་ལོ་བའི་རྩལ་ནུས་བྱང་ཆུབ་པས་2018ལོའི་ཟླ་3པར། ཁོང་གིས་གཞན་ནས་དངུལ་གཡར་བ་དང་དེ་ནས་དངུལ་ཁང་ནས་བུ་ལོན་གཡར་ཏེཟོག་འདྲེན་རླངས་འཁོར་ཆེན་པོ་ཞིག་ཉོས་ནས་ལས་ཡུལ་དུ་ས་རྡོ་དབོར་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ཙམ་ཡོང་གི་ཡོད། ཡོང་འབབ་མང་དུ་ཕྱིན་པ་དང་ཆབས་ཅིག་ཁུལ་ཆུང་དུའང་ཁོང་གི་སྙན་གྲགས་ཀྱང་ཆེ་རུ་ཕྱིན་ཡོད།

    ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་གཞན་གྱིས“ཚོང་ལས་ཀྱི་གོ་སྐབས”མཐོང་སྐབས་བསྟན་འཛིན་ཕུན་ཚོགས་ཀྱི་ས་ནས་ཉམས་མྱོང་བསགས་པར་ཡོང་། མཐར་བསྟན་འཛིན་ཕུན་ཚོགས་ཀྱིས་ཁུལ་ཆུང་དུ་དབུལ་སྐྱོར་རླངས་འཁོར་རུ་ཁག་གཅིག་བཙུགས་ནས་ཚང་མའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ལམ་དུ་སྐྱོད།

    ཕྱུག་པོ་ཆགས་ཀྱང་ཡུལ་མི་གཏན་ནས་བརྗེད་མེད། ལོ་མཇུག་ཏུ་བསྟན་འཛིན་ཕུན་ཚོགས་ཀྱིས་གསོག་དངུལ་ནས་དངུལ་མང་པོ་ཞིག་བཏོན་ཏེ་སྡེ་ཁུལ་གྱི་དུད་ཚང་དབུལ་པོ་16ལ་ཞལ་འདེབས་བརྒྱབ་པས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ།

    སྲི་ཆོས་ཀྱི་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བ།

    “ཁུལ་ཆུང་གི་ཆ་རྐྱེན་ཡག་པོ་འདི་འདྲ་ཡོད་པས་ལས་ཀ་འཚོལ་ས་མི་རག་པའི་སེམས་ཁྲལ་མི་འདུག”ཅེས་གནས་སྤོས་ས་ཚིགས་ཀྱི་གྲོང་མི་སྲི་ཆོས་ཀྱིས་གདེང་ཚོད་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།

    གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་སེམས་གནས་ཐུབ་པ་བྱ་ཆེད། ནག་ཆུ་གྲོང་རྡལ་དམངས་དར་གྲོང་ལྷན་གྱིས་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་ནས་རིག་གནས་བྱེད་སྒོ་ཁང་དང་སྔོ་ཚལ་འགྱིག་ཤོག་དྲོད་ཁང་བསྐྲུན་པ་དང་། ཁུལ་ཆུང་གི་སྔོ་འགྱུར་ལས་གྲྭ་དང་བདེ་འཇགས་འཐུང་ཆུའི་ལས་གྲྭ་སོགས་བསྐྲུན་པས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། གནས་སྤོས་དུད་ཚང་གི་གྲོང་མི་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཀ་ཡོང་བ་བྱ་ཆེད། གྲོང་མི་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བཏང་ནས་ཁང་མིག་21ལ་མཛེས་བཟོ་བྱས་པ་དང་འབྲེལ་ཁང་གླ་ཧ་ཅང་དམའ་བའི་ཐོག་ནས་སྡེ་ཁུལ་གྱི་གྲོང་མིར་བོགས་མར་བཏང་བ་རེད།

    སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་དབུལ་སྐྱོར་འཁོར་ཁང་བཙུགས་པས་བུད་མེད་མང་པོ་ལས་ཀར་འགྲོ་རྒྱུའི་ཡིད་དབང་བཀུག་ཡོད།

    “ལོ་རེའི་ལོ་སྟོད་དུ་ང་ཚོས་ཚོགས་ཆེན་འཚོགས་ཀྱི་ཡོད། སྡེ་ཁུལ་གྱི་གྲོང་མིའི་གསོ་སྦྱོང་གི་འདོད་མོས་ལྟར་གཅིག་གྱུར་གསོ་སྦྱོང་བྱེད་པ་མ་ཟད། ལས་ཀ་ཡང་འཚོལ་གྱི་ཡོད”དམངས་དར་གྲོང་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཞོལ་ཧུང་མེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གནས་སྤོས་ས་ཚིགས་ཀྱི་ངལ་ནུས་གཞན་སྒྱུར་བྱེད་ཚད་90%ལྷག་ཙམ་ཟིན་པ་དང་། གྲོང་མི་མི་ཉུང་བ་ཞིག་ཉེ་འགྲམ་གྱི་ཀུང་སི་དང་ཨར་སྐྲུན་ལས་ཡུལ་དུ་གླ་པར་བསྐྱོད་པར་ཉིན་ལྟར་ཡོང་འབབ་སྒོར་200ལྷག་ཙམ་རག་གི་ཡོད།

    ན་ནིང་ཟླ་8པར་སྲི་ཆོས་ལ་ཕྲུ་གུ་གཉིས་པ་འཁོར་ཡོད། དེར་བརྟེན། ཁོ་མོས་མགྲོན་ཁང་གི་ཞབས་ཞུ་བའི་ལས་གནས་ནས་དགོངས་པ་ཞུས་པས་ཁྱིམ་གྱི་ཡོང་འབབ་ཀྱང་ཉུང་དུ་སོང་ཡོད། ཟླ་རེར་བཟའ་ཟླ་ཚེ་རིང་གིས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དུ་བདེ་སྲུང་གི་གླ་ཆ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། མི་རིང་བའི་གོང་། ཁོང་གིས་ཕྲུ་གུ་གཉིས་པ་སྐྱེས་རྗེས་གྲོང་མི་ཨུ་ལྷན་གྱིས་ལས་ཀ་འཚོལ་རོགས་བྱས། མིག་སྔར་ཁོང་སྡེ་ཁུལ་གྱི་སྡེ་ལས་སུ་གཙང་སྦྲའི་ལས་ཀ་བྱེད་བཞིན་ཡོད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་ཚེ་གཡང་དང་། བསྟན་འཛིན་ཕུན་ཚོགས། སྲི་ཆོས་འདྲ་བའི་མང་ཚོགས་དབུལ་པོའི་འཚོ་བར་རེ་བས་ཁེངས་བཞིན། དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་དཀའ་སྤྱད་འབད་འཐབ་བྱེད་བཞིན་ཡོད། ཁོང་ཚོས་ཚེ་ཆུ་གཙང་འགྲམ་ནས་སེམས་ནུས་གཅིག་སྒྲིལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།