དབུ་ཤོག>ཆེད་སྒྲིག
  • རྨ་བྱ་ཁ་འབབ་གཙང་འགྲམ་གྱི་རྩམ་པའི་དྲི་ཞིམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-04

    དབྱར་ཟླ་བདུན་པའི་སྤུ་ཧྲེང་ནི་ལོ་གཅིག་ཁྲོད་ཀྱི་ནམ་དུས་མཛེས་ཤོས་ཡིན་ཞིང་། དགུང་ཨ་སྔོན་གྱི་འོག་ཏུ་བརྗིད་ཆགས་པའི་རི་བོ་གནས་མོ་སྣ་གཉིས་ཀྲོང་ངེར་ལངས་ཡོད་པ་དང་དྭངས་ཤིང་གཙང་བའི་རྨ་བྱ་ཁ་འབབ་གཙང་པོ་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི་པད་ཁའི་ཞིང་དང་ནས་ཞིང་གི་འགྲམ་ནས་ཀྱག་ཀྱོག་ཏུ་རྒྱུག་བཞིན་ཡོད།

    ས་བབ་དམའ་བ་དང་ཉི་འོད་ཕོག་ཡུན་འདང་ངེས་ཡོད་པའི་རང་བྱུང་ཆ་རྐྱེན་ལས་སྤུ་ཧྲེང་རྗོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོ་ནི་མངའ་རིས་ས་ཁུལ་གྱི་ནས་དང་པད་ཁ་ཐོན་མང་བའི་ས་ཆ་ཉུང་ཤས་ཀྱི་གྲས་ཤིག་ཡིན། ཞི་བདེ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་བཏང་ཞིང་། 2002ལོ་ནས་བཟུང་། ཞི་བདེ་གྲོང་ཚོར་རྩམ་པ་ལས་སྣོན་མཉམ་ལས་ཁང་བཙུགས་པ་དེས་གཙོ་བོ་རྩམ་པ་དང་པད་ཁ་ལས་སྣོན་བྱེད་ཀྱི་ཡོད། རྗེས་སུ་སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་270བཏང་ནས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་རེད། མིག་སྔར་ཞི་བདེའི་རྩམ་པ་ལས་སྣོན་བཟོ་གྲྭའི་རྒྱ་ཁྱོན་སྨི་ངོས་གྲུ་700ཟིན་པ་དང་། ཆུ་འཐག་ཁང་14དང་། འཕྲུལ་འཁོར་ཁང་2 ད་དུང་ནས་བརྔོ་འཐག་ཁང་སོགས་ཀྱི་སྒྲིག་ཆས་ཡོད་པ་རེད།

    རེ་བའི་ས་བོན་བཏབ། འབྲས་བཟང་ཕྱིས་སུ་སྨིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་བརྒྱུད། 2018ལོར་ཞི་བདེ་རྩམ་པ་ལས་སྣོན་ཁང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་665.22སྤྱད་དེ་རྩམ་པ་ལས་སྣོན་ཁང་དང་རྩམ་པའི་ཏན་ཞིམ་ཐོན་སྐྱེད་བྱས། 2019ལོར་བཟོ་གྲྭ་དེས་ཞི་བདེ་གྲོང་ཚོའི་སྣུམ་དང་རྩམ་པ་ལས་སྣོན་མཉམ་ལས་ཁང་ཟླ་སྒྲིལ་བཏང་སྟེ་ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སི་གཉེར་བས་ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་བྱུང་ཡོད། འདི་ལོ་ཀུང་སིས་མེན་པའོ་བག་ལེབ་ཐོན་སྐྱེད་བྱེད་འགོ་བཙུགས་པ་དང་ཞི་བདེའི་ནས་དཀར་ཡང“རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས”སུ་རེ་ཞུ་བྱས་པ་རེད།

    ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕུར་བུ་ཚེ་རིང་གིས། སྔོན་མའི་མཉམ་ལས་ཁང་ད་ལྟ་ཀུང་སིར་བསྒྱུར་རྗེས་ལས་དོན་ཁག་གཅིག་གྱུར་དོ་དམ་དང་། གཅིག་གྱུར་གཉེར་སྐྱོང། གཅིག་གྱུར་འཁོར་སྐྱོད། ཁེ་གྱོང་རང་འཁུར་བཅས་ལག་བསྟར་བྱེད་ཀྱི་ཡོད་པས་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ང་ཚོས་ཁེ་བཟང་གི་50%ཁེ་ལས་འགན་གཙང་ལེན་མཁན་གྱི་མ་དངུལ་དང་། 35%འཁོར་རྒྱུག་མ་དངུལ། 10%ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བགོ་བཤའ་རྒྱག་པ། ལྷག་མ་5%ཞི་བདེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བཅས་ལ་བཞག་པས་དཔལ་འབྱོར་ཕན་འབྲས་ཡག་པོ་ཐོན་བྱུང་ལ། སྤྱི་ཚོགས་དང་སྣོད་བཅུད་ཀྱི་ཕན་འབྲས་ཀྱང་ཡག་པོ་ཐོན་བྱུང་ཞེས་བཤད།

    ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སིའི་སྣེ་ཁྲིད་འོག་སྤུ་ཧྲེང་རྫོང་ཡོངས་ཀྱིས་ནས་དཀར་མུའུ་3159བཏབ་པར་མང་ཚོགས་དུད་ཚང་200ལྷག་ཙམ་ཞུགས་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་100ལྷག་བྱུང་ཡོད། ཀུང་སིས་གཏན་འཇགས་ཀྱི་ལས་དོན་མི་སྣ་ཕུད། ད་དུང་ལས་སྒྲུབ་ཚོགས་ཆུང་གིས་མི་སྣ་རེས་མོས་ངང་བཀོད་སྒྲིག་བྱེད་པའི་རྣམ་པའི་ཐོག་ནས་མང་ཚོགས་མི་ཐེངས་127ལ་ལས་ཀ་སྤྲད་ཡོད་པ་རེད། མིག་སྔར་ཀུང་སིས་ཞི་བདེ་གྲོང་ཚོའི་དུད་ཚང་28ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་94ལ་སྒོར་ཁྲི་25.3བགོ་འགྲེམས་བརྒྱབ་ནས་མང་ཚོགས་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    ཞི་བདེ་གྲོང་ཚོ་རྡོ་སྒང་ཚོགས་ཆུང་གི་གྲོང་མི་དངོས་གྲུབ་བཟང་མོ་ཞི་བདེའི་ནས་ཐོན་ཁུལ་བཟའ་བཅའ་ཚད་ཡོད་ཀུང་སིའི་མེན་པའོ་བག་ལེབ་ཐོན་སྐྱེད་ལས་རིམ་དུ་ལས་ཀ་བྱེད་པ་དང་ཟླ་རེར་ཁོ་མོར་གླ་ཆ་སྒོར་4800ལེན་རྒྱུ་ཡོད།“ད་ཆ་ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་རག་བྱུང་ལ་ཡོང་འབབ་ཀྱང་སྣང་དག་མི་འདུག ད་དུང་མེན་པའོ་བག་ལེབ་བཟོ་བའི་ལག་རྩལ་ཡང་ཤེས་བྱུང་། འཚོ་བ་དངོས་ནས་ཡག་ཏུ་འགྲོ་བཞིན་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།

    “གོམ་སྟབས་རྗེས་མར་ང་ཚོས་ཐོན་ལས་འཁོར་འབྲེལ་མུ་མཐུད་ལེགས་སུ་བཏང་ནས་ཁྲོམ་རའི་གཏིང་ཤུགས་ཆེ་བ་དང་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པའི་ཐོན་རྫས་གསར་སྤེལ་བྱས་ཏེ་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཞི་བདེའི་ནས་དཀར་གྱི་ས་ཁམས་མཚོན་རྟགས་ལ་བརྟེན་ནས་ཐོན་རྫས་ཀྱི་འཚོང་ལམ་བཏོད་དེ་འཛད་སྤྱོད་པའི་སེམས་ནང་གི་སྤུས་ལེགས་ཐོན་རྫས་ཀྱི་གཟུགས་བརྙན་གཏོད་རྒྱུའང་ཡིན”ཞེས་ཕུར་བུ་ཚེ་རིང་གིས་གདེང་ཚོད་ཆེན་པོས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།