དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་མ་བརྗེད་པར་བརྩེ་སེམས་ཟབ་མོས་བོད་སྐྱོར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-08-03

    རྒྱལ་ས་པེ་ཅིང་ནས་གངས་ལྗོངས་ས་མཐོར་བསྐྱོད་དེ་མི་ཚེའི་བྱ་གཞག་གི་ལམ་བུ་གསར་པ་བཏོད། ལོ་རབས་60པའི་ནང་སྐྱེས་པའི”འབུམ་རམས་པ་ཀའོ་ཧུང་ཧྲེང་གི་ངོས་ནས་བརྗོད་ན། དེ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲིས་འབོད་སྐུལ་བྱས་པ་ཞིག་རེད།

    2014ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་བོད་སྐྱོད་འབུམ་རམས་ཞབས་ཞུ་ཚོགས་པ་ཁག་བཅོ་ལྔ་པའི་ཚོགས་གཙོ་ཀའོ་ཧུང་ཧྲེང་བོད་དུ་བསྐྱོད་དེ། རང་སྐྱོང་ལྗོངས་ཀྱི་དེ་སྔའི་ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པ་བྱས།

    ལོ་གཅིག་གི་འབུམ་རམས་པའི་ཚོགས་པའི་འགན་འཁྲི་འཁུར་བའི་དུས་ཚོད་འཐིམ་ཡང་། ཁོང་གིས་སྔར་བཞིན་རང་དཔེ་གཞན་སྟོན་ངང་འབོད་སྐུལ་ལ་བརྡ་ལན་ཞུས་ཏེ། བོད་དུ་གཞི་ཚུགས་ནས་མུ་མཐུད་ལས་དོན་བསྒྲུབས་ཏེ། མེས་རྒྱལ་དང་མི་དམངས་ཀྱི་མཁོ་ཆེ་སར་མུ་མཐུད་མི་ཚེའི་ལེའུ་གསར་པ་བརྩམ་རྒྱུའི་བློ་ཐག་བཅད།

    ས་མཐོར་བརྩེ་སེམས་བཅངས་ཏེ། 

    “བོད་སྐྱོར”གྱི་དམ་བཅའ་མུ་མཐུད་བཞག

    འདི་ལོ་ཀའོ་ཧུང་ཧྲེང་བོད་དུ་ལས་ཀ་བྱས་ནས་ལོ་6སོང་ཞིང་། ཐོག་མར་བོད་དུ་འབྱོར་བ་དང་བསྡུར་ན། གཟུགས་པོ་མི་འཕྲོད་པའི་གནས་ཚུལ་གང་ཡང་མེད་ཀྱང་། ཁོང་གིས་རྒྱུན་དུ་སྨན་སྣ་ཚོགས་འཁྱེར་ཏེ་ལུས་པོ་མི་བདེ་བའི་སྐབས་ཟ་ཡི་ཡོད། ཁོང་ནི་ལས་ཀར་དབྱིངས་ཞུགས་མཁན་གྱི་མི་ཞིག་ཡིན་པས་རྒྱུན་དུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལྗིད་རྫོབ་ཆེ་བའི་ལས་འགན་ལེགས་འགྲུབ་བྱེད་ཀྱི་ཡོད།

    “གནས་འདི་ཉིད་རང་གི་ཁྱིམ་དུ་བརྩི་བ་དང་། གནས་འདིའི་མི་དམངས་མང་ཚོགས་གཉེན་ཉེར་བརྩི་བ། ལྷག་བསམ་རྣམ་དག་གིས་ལས་དོན་བསྒྲུབ་པ་བཅས་བྱས་ཚེ། ང་ཚོའི་ལས་ཀར་གཞི་ནས་གྲུབ་འབྲས་ཐོབ་ཐུབ”ཅེས་པའི་ཀའོ་ཧུང་ཧྲེང་གི་སྐད་ཆ་ལས། བོད་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ངམ་ངམ་ཤུགས་ཀྱིས་མངོན།

    ལས་ཀ་དང་འཚོ་བའི་ཁྲོད་དུ་ཀའོ་ཧུང་ཧྲེང་གིས་ཁེངས་སྐྱུང་གཟབ་ནན་དང་རང་གཅུན་ནན་པོ་བྱེད་ཅིང་། བོད་དུ་ཡུན་རིང་ལས་ཀ་བྱེད་མཁན་མི་རིགས་ཁག་གི་ལས་བྱེད་པར་དེ་བས་བརྩི་འཇོག་བྱེད་པ་དང་། རྒྱུན་དུ་ལས་ཀར་དཀའ་ངལ་འཕྲད་སྐབས་ཁེངས་སྐྱུང་ངང་ཁོང་ཚོར་བཀའ་འདྲི་ཞུ་ཡི་ཡོད།

    བོད་དང་ལས་དབང་དམ་པོར་འབྲེལ་བའི་ཀའོ་ཧུང་ཧྲེང་གི་སེམས་ནང་མཐའ་མཚམས་སུ་གཞི་ཚུགས་པའི་བསམ་བློ་ཉིན་བཞིན་ཟབ་ཏུ་ཕྱིན་ཞིང་། 2015ལོའི་ཟླ་4པར། ས་མཐོར་སླེབས་ནས་ལོ་ཕྱེད་ཙམ་ལས་མ་སོང་བའི་ཀའོ་ཧུང་ཧྲེང་གིས་མི་ཚེའི་ནང་གི་གདམ་ག་གལ་ཆེ་ཤོས་ཤིག་བྱས་ཏེ་རང་འགུལ་ངང་བོད་དུ་ལས་སྒྱུར་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད།

    ཀའོ་ཧུང་ཧྲེང་གི་སྣེ་ཁྲིད་འོག་ལོ་6རིང་ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་བཅུ་ལྷག་ཙམ་གྱིས་བོད་དུ་ལས་ཀ་བྱེད་པའམ་ཡང་ན་ཞབས་ཞུའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད།

    རང་དོན་རྒྱབ་ཏུ་བསྐྱུར་ནས།

    གཞི་རིམ་དུ་བསྐྱོད་དེ་སྦྱོང་བརྡར་བྱས།

    བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་སུ་ལས་ཀ་བྱས་པ་ནས་བཟུང་། རང་སྐྱོང་ལྗོངས་ཀྱི་དེ་སྔའི་ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པ་ནས་ད་ཆ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་གྱི་འགན་འཁུར་བཞིན་པའི་ཀའོ་ཧུང་ཧྲེང་གིས་སྔ་རྗེས་སུ་ཨུ་ལྷན་གྱི་འགོ་ཁྲིད་ལ་གཞོགས་འདེགས་བྱས་ཏེ། སྡེ་ཚན་མང་པོ་ཞིག་གི་ལས་དོན་སྒྲུབ་ཅིང་། ཁོང་གིས་སྒྲིག་སྲོལ་དང་། སྒྲིག་ཁྲིམས། ཁྲིམས་བཅས་གཞིར་བཟུང་གྱོད་གཞི་སྒྲུབ་གཉེར་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། གྱོད་གཞི་གལ་ཆེན་གྱི་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་ཐེངས་མང་ཁུར་ནས་འཐབ་ཕྱོགས་དང་པོའི་གྱོད་གཞི་སྒྲུབ་གཉེར་བྱས་ཤིང་། སྔ་རྗེས་སུ་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་གྱོད་གཞི་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་ཞིབ་བཤེར་ཐག་གཅོད་ཐུབ་ནས། བོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་སྲ་བརྟན་ཡོང་བ་དང་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་བ་རེད།

    གྱོད་གཞི་ཆེ་གྲས་མང་པོ་ཞིག་ས་ཁུལ་མང་པོ་དང་འབྲེལ་བ་ཡོད་པའི་དབང་གིས་རྒྱུན་དུ་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དབར་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས་ཀྱི་ཡོད། རྒྱུན་དུ་དུས་ཚོད་གྲོན་ཆུང་བྱས་ནས་གྱོད་གཞི་སྒྲུབ་གཉེར་གྱི་ལས་ཆོད་མཐོ་རུ་གཏོང་ཆེད། གནམ་ཐང་འབབ་ཚུགས་ཀྱི་རྐུབ་སྟེགས་ནི་ཀའོ་ཧུང་ཧྲེང་ཕྱིར་གཞུང་དོན་སྒྲུབ་པར་སྐྱོད་སྐབས་མཚན་མོ་སྡོད་སའི་གནས་སུ་གྱུར་ཡོད།

    དེ་ལྟ་བུའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བཅངས་ནས་ལོ་འཁོར་མོ་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀའོ་ཧུང་ཧྲེང་གིས་སྔ་རྗེས་སུ་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་གྱོད་གཞི་མང་པོ་ཞིབ་བཤེར་ཐག་གཅོད་ཐུབ་སྟེ། རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་སྟོང་ཡན་མི་ཕོག་པ་བྱུང་བ་དང་། གྱོད་གཞི་དུས་ཐོག་དང་ནུས་ལྡན་ངང་ཞིབ་བཤེར་ཐག་གཅོད་བྱས་པ་བརྒྱུད་མི་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་ནས་ཚང་མར་ཉེན་བརྡ་གཏོང་བའི་ནུས་པ་ཐོན་ཐུབ་པ་བྱུང་ཡོད།

    ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་བཅངས་ཏེ།

    གངས་ལྗོངས་ས་མཐོར་ལྷག་བསམ་གྱི་ལེའུ་བརྩམས།

    བོད་དུ་ཐོག་མར་སྐྱོད་སྐབས་ཁོང་གི་བུ་མོ་ལོ་3ལའང་སླེབས་ཀྱི་མེད། བརྙན་ལམ་གཏོང་ཐེངས་རེར་བུ་མོས“པཱ་ལགས། ཁྱོད་ག་དུས་ལོག་ཕེབས་སམ། ངས་ཁྱོད་དྲན་གྱི་འདུག”ཅེས་པའི་བུ་མོའི་སྐད་ཆ་ཐོས་སྐབས་ཀའོ་ཧུང་ཧྲེང་གི་སེམས་ནང་ནང་མིར་བཅངས་པའི་དྲན་གདུང་དང་འགྱོད་སེམས་ཅིག་ཅར་དུ་འཆར་གྱི་ཡོད། ལོ་དེ་དག་རིང་ཀའོ་ཧུང་ཧྲེང་གི་ཕ་མ་དང་སྒྱུག་པོ་སྔ་རྗེས་སུ་གྲོངས་པ་དང་། 2018ལོར་སྒྱུག་མོར་ཡང་སྙིང་ནད་ཕོག་ནས་གཤག་བཅོས་བྱས་པ་མ་ཟད། ད་དུང་གྲུམ་ནད་ཀྱང་ཡོད་པས་འཚོ་བ་རང་མགོ་ཐོན་གྱི་མེད། བཟའ་ཟླས་ཀའོ་ཧུང་ཧྲེང་བོད་དུ་སེམས་ལྷོད་ལྷོད་ཡོང་ཆེད། སློབ་ཆེན་དགེ་རྒན་གྱི་ལས་ཀ་དགོངས་ཞུ་བྱས་ནས་མི་གཅིག་གིས་ཁྱིམ་ཚང་གི་འགན་ལྕི་ཕྲག་ཏུ་འཁུར། གཏན་འབེབས་ལྟར་ན་ཁོང་ལ་ལོ་གཅིག་ལ་འཁོར་ཞག་ཟླ་2ལྷག་ཙམ་ཡོད་མོད། འོན་ཀྱང་ལས་བྲེལ་ཆེ་བའི་དབང་གིས་ཀའོ་ཧུང་ཧྲེང་འཁོར་ཞག་ཡག་པོ་ཞིག་སྡོད་མྱོང་མེད། སྐབས་འགར་པེ་ཅིང་དུ་ཚོགས་འདུ་འཚོག་པ་དང་སློབ་སྦྱོང་དང་གསོ་སྦྱོང་བྱེད་པའི་གོ་སྐབས་སྤྱད་དེ་ལམ་ཞོར་དུ་ཁྱིམ་དུ་ལྟ་བར་འགྲོ་ཡི་ཡོད།

    པེ་ཅིང་དུ་ལོག་རིམ་བཞིན། ལོ་ན་ཕྲ་བའི་བུ་མོས་པཱ་ལགས་མཐོང་སྐབས་དེ་ཙམ་ཁ་ཡ་མི་བྱེད་པས་ཁོང་སེམས་སྐྱོ་ལྷང་ལྷང་དུ་གྱུར། “ཁོང་ནི་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོར་བསྟུན་མཁན་ངོ་མ་ཞིག་རེད”ཅེས་ཀའོ་ཧུང་ཧྲེང་དང་མཉམ་དུ་བོད་སྐྱོར་ལས་དོན་བྱས་ནས་ལོ་6སོང་བའི་འབུམ་རམས་པའི་ཚོགས་པའི་ཁོངས་མི་ཞིག་གིས་དེ་ལྟར་བརྗོད།

    ད་ཆ་ཀའོ་ཧུང་ཧྲེང་སོགས་ཕུལ་བྱུང་ཤེས་ལྡན་མི་སྣ་ཁག་དང་པོའི་སྣེ་ཁྲིད་འོག ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དེ་ཉིད་རིམ་བཞིན་བོད་སྐྱོར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་60ལྷག་ཙམ་གྱིས་བོད་དུ་ལས་ཀ་བྱེད་པའམ་ཡང་ན་ཞབས་ཞུ་དུས་འགྱངས་བྱ་རྒྱུའི་རེ་ཞུ་ཕུལ་ནས། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།