རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་7ཚེས་22ཉིན་ནས་ཚེས་28ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་2020ལོའི་དབུལ་སྒྲོལ་འགག་སྒྲོལ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རང་ལྗོངས་ཀྱི་2020ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། ཚེས་28ཉིན་གྱི་ཕྱི་དྲོ། ལྟ་སྐུལ་ཞིབ་བཤེར་གནས་ཚུལ་གྱི་ཚུར་ལན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་། ལྷོ་ཕྱོགས་གློག་དྲ་ཀུང་སིའི་ཏང་ཙུའི་ཁོངས་མི། སྤྱི་ཁྱབ་ཅིང་ལི་གཞོན་པ་བཅས་ཡིན་པའི་ཁྲེན་ཡུན་ཕེང་ཚོགས་འདུར་ཞུགས་པ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་གྱི་གནས་ཚུལ་ཚུར་ལན་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཀྲོང་ཡན། ཡན་ཅིན་ཧའེ། ནོར་བུ་དོན་གྲུབ། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
ལྟ་སྐུལ་ཞིབ་བཤེར་བྱེད་རིང་། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གཞི་རིམ་དང་། གྲོང་ཚོ། དུད་ཚང་བཅས་སུ་བསྐྱོད་ནས་བཞད་མཐོང་སྨོན་རྫོང་དང་འཕྱོངས་རྒྱས་རྫོང་ལ་བརྟག་ཞིབ་དང་ཤེས་རྟོགས་བྱས་ཡོད་ལ་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་རང་ལྗོངས་ཀྱི་གནད་དོན་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད།
ཁྲེན་ཡུན་ཕེང་གིས་བསྟན་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཕྱོགས་ཡོངས་ནས་གོང་མཐོར་སོང་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ལས་གཞན་སྒྱུར་རིམ་སྤོར་དང་། སྤུས་འབོར་གཉིས་ཡོང་རྒྱུར་སྔར་བས་སྐུལ་འདེད་མགྱོགས་སུ་གཏོང་བ། གསར་གཏོད་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་ལག་བསྟར་གཏིང་ཟབ་བྱེད་པའི་ཁྲོད་གྲུབ་འབྲས་གསར་པ་ཐོབ་པ་དང་གོམ་སྟབས་གསར་པ་སྤོ་ཐུབ་པའི་རེ་བ་ཡོད།
ཝུའུ་དབྱིང་ཅེས་བསྟན་དོན། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གི་ཚུར་ལན་གནས་ཚུལ་དོན་དངོས་དང་མཐུན་པ་དང་། བཏོན་པའི་གནད་དོན་དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བ། མཛུབ་ཁྲིད་བླང་བྱ་གནད་སྨིན་དམིགས་སར་འབྱོར་བ་བཅས་ཡོད་པས་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་ལ་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པས་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་། ལྷག་བསམ་ཟོལ་མེད་ཀྱིས་དང་ལེན། རང་འགུལ་ངང་ངོས་འཛིན། དང་ལེན་ཆ་ཚང་བ་བཅས་བྱས་ཏེ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་དང་ཏན་ཏིག་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས།
གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་པ་དང་།
གཉིས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་གལ་ཆེན་ཐོབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་ནི་དཔལ་འབྱོར་ལས་དོན་ཡིན་པ་མ་ཟད། དམངས་འཚོའི་ལས་དོན་དང་ཆབ་སྲིད་ལས་དོན་དེ་བས་ཀྱང་ཡིན་པའི་ངོས་འཛིན་གང་ལེགས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་སོང་བ་མ་ཟད། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་པའི་ཐོན་ལས་ཁག་ཅིག་སྐྱེད་སྲིང་བྱས་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ། མང་ཚོགས་ལ་བརྩེ་དུང་ཡོད་པ་དང་། གཞི་རིམ་ལ་རྒྱུས་མངའ་ཡོད་པ། ལས་ཀའི་འཇོན་ཐང་ཡོད་པ། གནད་དོན་ཐག་གཅོད་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྦྱོང་བརྡར་ཐུབ་པར་ངོས་འཛིན་གང་ལེགས་བྱེད་དགོས།
གསུམ་ནས་གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་འབེན་གྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་དག་ཐེར་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
བཞི་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ནས་དབུལ་སྒྲོལ་གྱི་ཕན་འབྲས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས།
ཆེ་དགྲ་ལྷས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྙན་སེང་ཞུ་སྐབས་བསྟན་དོན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་མཐའ་ཚད་ཀྱི་ལས་འགན་དང་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་ལ་བརྩིས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། ཞན་ཆའི་རྣམ་གྲངས་ལ་དམིགས་པ། ཐོན་ལས་ཀྱི་གཙོ་གནད་ལ་དམིགས་པ། སྲ་བརྟན་རིམ་སྤོར་ལ་དམིགས་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་དམིགས་པ། “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཚན་རིག་དང་མཐུན་པའི་ངང་ཐག་གཅོད་ཡག་པོ་བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་གནད་དོན་དག་ཐེར་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་ཞན་ཆ་གསབ་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་སྤུས་ཚད་མཐོར་གཏོང་། སྟོབས་ཤུགས་གཅིག་སྡུད་ཀྱིས་སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལམ་དུ་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས།