དབུ་ཤོག>ཆེད་སྒྲིག
  • དབུལ་སྐྱོར་གནས་སྤོས་རྗེས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-29

    པད་མ་འཛོམས་སྐྱིད་ཁྱོ་ག་སྔ་མ་དང་འཆམ་པོ་མེད་ལ། ཁྱོ་གས་རྟག་ཏུ་ཉེས་རྡུང་བཏང་བའི་རྐྱེན་གྱིས་གང་སར་རྨ་ཤུལ་གྱིས་ཁེངས། དེས་མ་ཚད་ནང་མི་ཚང་མའི་རྙིང་ཞེན་བག་འཁུམས་ཀྱི་བསམ་བློས་ལོ་ལྟར་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ལུང་འདི་ཁོ་ནར་འཚོ་བ་གསར་པ་ཞིག་ཡོང་རེ་བྱེད་ཀྱི་ཡོད། འོན་ཀྱང་པད་མ་འཛོམས་སྐྱིད་གནས་སའི་གྲོང་ཚོར་འགྲིམ་འགྲུལ་སྟབས་བདེ་མེད་ལ། གྲོང་ཁྱེར་དང་བར་ཐག་ཅུང་རིང་བས་ཕྱིར་ལས་མི་རྒྱུག་པར་དཀའ་ངལ་ཆེ་ཙམ་ཡོད་པས་དབུལ་པོའི་གནས་ལས་གྲོལ་བའི་རེ་བའང་རང་ཤུགས་ཀྱིས་ཆུང་དུ་སོང་།

    པད་མ་འཛོམས་སྐྱིད་ཀྱི་བུ་མོ་རྒན་པ་སྤེན་སྒྲོན་གྱིས“མི་དེས་རྟག་ཏུ་ཨ་མར་ཉེས་རྡུང་གཏོང་གི་ཡོད། ང་ཚོ་ཚང་མ་མི་དེར་ཞེད་ཀྱི་འདུག ངའི་བག་ཆགས་ལ་ཨ་མའི་མིག་ལ་རྟག་ཏུ་རྨ་རས་དཀྲི་བ་དང་། ཨ་མའི་ཡ་ང་བའི་གཟུགས་བརྙན་དེས་རྟག་ཏུ་ངའི་སྙིང་ཁར་ན་ཟུག་གཏོང་གི་འདུག”ཅེས་དྲན་གསོ་བྱེད་ཀྱིན་བཤད། སྐབས་དེ་དུས་ཀྱི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཧྲུའུ་ཅི་དང་པོ་བཀྲ་ཤིས་རྒྱ་མཚོས“ཁོང་གི་ཁྱིམ་དུ་ནང་ཆས་ངོ་དྲག་པ་གཅིག་ཀྱང་ཧ་ལམ་མཐོང་རྒྱུ་མེད་ལ། ཁྱོ་གས་རྟག་ཏུ་ཁོང་ལ་ཉེས་རྡུང་ཚད་མེད་གཏོང་གི་ཡོད། ཁོང་གཟུགས་པོ་ཤིན་ཏུ་སྐྱོ་བས་བལྟས་པ་ཙམ་གྱིས་ཡ་ང་དགོས་པ་ཞིག་ཡོད། ཁོང་གི་ལུས་སྟེང་གི་རྨ་ཤུལ་ཚང་མ་ཁྱོ་གས་བྱས་ཉེས་བསགས་པའི་དཔང་པོ་རེད”ཅེས་གདུང་སེམས་མཉམ་སྐྱེས་ཀྱིས་བཤད།

    དེའི་རྗེས་ཁོང་གི་བཟའ་ཟླས་མ་སྨད་ཚོ་གཡུགས་ནས་ཕྱིན་པས་ངལ་རྩོལ་ནུས་ཤུགས་མེད་པའི་ཁྱིམ་ཚང་དེའི་འཚོ་བ་མུ་གེའི་སྟེང་གི་ཟླ་ལྷག་ལྟར་དབུལ་ཞིང་ཕོངས་པར་གྱུར་ནས་ཕྲུ་གུ་གཉིས་གསོ་བའི་ལས་འགན་ལྕི་པོ་པད་མ་འཛོམས་སྐྱིད་ཀྱི་ཕྲག་སྟེང་དུ་བབས།

    2016ལོའི་ཟླ་3པར་པད་མ་འཛོམས་སྐྱིད་ཀྱི་ཕྲུ་གུ་གཉིས་པོ་སློབ་གྲྭར་འགྲོ་མུས་ཡིན་པས་པད་མ་འཛོམས་སྐྱིད་ཀྱི་ཁྱིམ་ཚང་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཚོགས་ཆུང་དང་པོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག དེ་ལྟར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག་པད་མ་འཛོམས་སྐྱིད་ལ་གཞི་ནས་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཡོད་དོ་ཅོག་ལ་ཁ་གཏད་གཅོག་པའི་སེམས་ཤུགས་འཕེལ་བ་མ་ཟད། འཚོ་བའང་རིམ་བཞིན་ལེགས་སུ་ཕྱིན།

    2018ལོར་པད་མ་འཛོམས་སྐྱིད་དང་ད་ཆ་ལོ་45ལ་སླེབས་པའི་པད་མ་རྒྱ་མཚོ་ངོ་ཤེས་ཤིང་། ཁོང་ནི་དོ་དོ་ནན་ནན་གྱི་སྐྱེས་པ་ཞིག་ཡིན་པ་དང་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ་ལས་མིར་འགྲོ་ཡི་ཡོད། དཀའ་སྡུག་མང་པོ་ཞིག་མྱངས་མཐར་སྐྱིད་ཀྱི་འགོ་ཚུགས་པ་དང་། ཁྱིམ་ལ་ལྟ་རྟོག་ཆེ་བའི་ཁྱོ་ག་གསར་པ་དང་ཕྲུ་གུ་གཉིས་ཡོད་པས་ཁྱིམ་ཚང་གི་འབྱུང་འགྱུར་རེ་བས་ཕྱུག ད་ཆ་བུ་མོ་རྒན་པ་སྤེན་སྒྲོན་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་ལོ་རིམ་གཉིས་པ་འགྲིམ་གྱི་ཡོད་པ་དང་བུ་མོ་ཆུང་བ་པད་མ་ཆོས་སྐྱིད་འཕྱོངས་རྒྱས་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ལས་བྱེད་པའི་རོགས་སྐྱོར་འོག འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སློབ་ཆུང་ནས་སྣེ་གདོང་ཆུས་བྱ་ས་ཆ་ཚང་སློབ་ཆུང་དུ་བསྒྱུར།

    ལོ་དེའི་ཟླ་7ཚེས་2ཉིན་ད་ཆའི་བཟའ་ཟླ་པད་མ་རྒྱ་མཚོའི་ཤུགས་ཆེའི་རྒྱབ་སྐྱོར་འོག པད་མ་འཛོམས་སྐྱིད་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་ཚོགས་ཆུང་དང་པོ་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་འཕྱོངས་དཀར་སྡིངས་ཁུལ་ཆུང་དུ་སྤོས་ཤིང་། ཁང་པ་གསར་པར་ཐབ་ཚང་གཅིག་དང་། གསང་སྤྱོད་གཉིས། ཉལ་ཁང་གསུམ། ཚོམས་ཆེན་གཅིག་བཅས་ཁྱོན་སྨི་ངོས་གྲུ་100ལྷག་ཙམ་ཡོད་པ་དང་། ཁང་པར་མཛེས་བཟོ་སྟབས་བདེ་བྱས་ཡོད་པ་མ་ཟད། ཆུ་དང་། གློག དེ་བཞིན་བརྙན་འཕྲིན་དང་འཁྱག་སྒམ་སོགས་དེང་རབས་ཀྱི་རྒྱུན་མཁོའི་སྤྱོད་ཆས་གང་དགོས་ཅི་འཛོམས་ཡིན་པས་ནང་མི་བཞི་པོ་བདེ་སྐྱིད་དཔལ་ལ་རོལ་འགོ་ཚུགས།

    2019ལོའི་ཟླ་6པ་བར་པད་མ་འཛོམས་སྐྱིད་ནང་མི་ཚང་མར་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དང་། མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ། རྫོང་རིམ་པའི་ཐོན་ལས་ཀྱི་བགོ་འགྲེམས་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཁྱོན་སྒོར་ཁྲི་7ལྷག་ཙམ་ཡོད་པ་དེ་ནི་པད་མ་འཛོམས་སྐྱིད་ནང་མི་ཚོའི་འགྱུར་ལྡོག་ཆེ་ཤོས་ཤིག་རེད། བཅར་འདྲི་བྱེད་སྐབས་པད་མ་འཛོམས་སྐྱིད་ཀྱིས། འཚོ་བའི་གཏོང་སྒོ་ཕུད། དེ་བྱིངས་དངུལ་ཚང་མ་བཅོལ་ཡོད། དེ་དང་ཆབས་ཅིག་ངས་བུ་མོ་གཉིས་པོ་ལའང་འགན་བཅོལ་ཉོས་པ་ཡིན། ཏང་གི་སྲིད་ཇུས་བཟང་པོས་ང་ཚོ་མ་སྨད་ཚོའི་བདེ་སྐྱིད་འཚོ་བ་འགན་ལེན་ཐུབ་སོང་ཞེས་བཤད་བྱུང་།

    ཏང་དང་སྲིད་གཞུང་གི་རོགས་རམ་འོག་པད་མ་འཛོམས་སྐྱིད་ཚང་གི་འཚོ་བ་རིམ་བཞིན་ལེགས་སུ་སོང་བ་མ་ཟད། རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་རོགས་རམ་འོག་ཁོང་ལ་ད་དུང་ལྷོ་ཁ་གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་ཇུས་འགོད་ཚད་ཡོད་ཀུང་སི་ནས་གད་པའི་ལས་ཀ་ཞིག་ཀྱང་རག ཁོང་ལས་ཀར་ཧུར་བརྩོན་ཆེ་སྟབས་ད་ཆ་ཟླ་རེར་གླ་ཕོགས་སྒོར་3000དང་ལོ་མཇུག་གི་བྱ་དགའ་སྒོར་5000ཙམ་ཡོད་པས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    པད་མ་འཛོམས་སྐྱིད་ཀྱིས་ད་དུང་རང་ཁྱིམ་གྱི་ཁང་མིག་གཅིག་འཐག་ཁང་བཟོས་ནས་ལས་ཞོར་དུ་བོད་རུམ་འཐག་གི་ཡོད་ཅིང་། དེ་གར་སྤོས་པ་ནས་ད་བར་སྤུས་ལེགས་ཀྱི་བོད་རུམ་ཆ་5བཏགས་པ་རེད། པད་མ་འཛོམས་སྐྱིད་ཀྱི་བུ་མོ་རྒན་པ་སྤེན་སྒྲོན་གྱིས“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་སྤྱི་ཚོགས་ཀྱི་དགེ་སྒྲུབ་མི་སྣ་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ངས་གསོ་རིག་ཚན་ཁག་རིགས་ཀྱི་སློབ་ཆེན་ལ་རྒྱུགས་སྤྲད་དེ་ང་ཚོ་དང་འདྲ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་། དྲོ་སྐྱིད་བརྒྱུད་སྤེལ་བྱེད་པ་ནི་རེ་བ་བརྒྱུད་སྤེལ་བྱེད་པ་ཞིག་རེད་ལ་དེ་བས་དཀའ་གནས་སུ་གྱར་བ་གྲངས་མེད་ལ་འོད་སྣང་སྦྱིན་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།