དབུ་ཤོག>ཆེད་སྒྲིག
  • མངོན་མིན་རིག་གནས་ཤུལ་བཞག་གིས་མང་ཚོགས་ལ་ཕན་པ་སྔར་ལས་མང་བ་ཐོབ་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-29

    རི་བོ་ཆེ་རྫོང་ནི་རང་བྱུང་གི་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་གཅིག་ཏུ་བསྡུས་ཤིང་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཡོད་པའི་རྫོང་ཞིག་སྟེ། རྡོ་བརྐོས་མ་ཎི་སོགས་བརྐོ་མཁན་དང་། དངུལ་ཆས་རྡུང་མཁན། ཐང་ག་བཞེངས་མཁན། ཞབས་བྲོ་འཁྲབ་མཁན་སོགས་ཀྱི་རྒྱུན་འཛིན་པ་མང་པོ་ཡོད། དེའི་ཁྲོད་བྱེའུ་སྒང་ལུགས་ཀྱི་ཐང་གའི་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་གྲགས་པ་བསྟན་འཛིན་གྱིས་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་བྱས་པ་དང་ཆབས་ཅིག ད་དུང་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་གི་དམངས་ཕན་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད་པ་རེད།

    1984ལོར། གྲགས་པ་བསྟན་འཛིན་མི་རབས་ནས་མི་རབས་མི་རིགས་ལག་ཤེས་བཟོ་ལས་གཉེར་མཁན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁྱིམ་ཚང་གི་ཤུགས་རྐྱེན་འོག་གྲགས་པ་བསྟན་འཛིན་གྱིས་ལོ་11ལ་སླེབས་སྐབས་ཨ་ཕའི་རྗེས་ལ་བསྙེགས་ནས་ཐང་ག་དང་། འཇིམ་བཟོ། རྐོ་དཀྲོལ་སོགས་ཀྱི་ལག་རྩལ་སྦྱངས་པ་དང་། ལོ་14ནས་བཟུང་། ཆབ་མདོ་དང་མཚོ་སྔོན་སོགས་སུ་དགེ་རྒན་བསྟེན་ནས་སློབ་གཉེར་བྱས་པ་རེད།

    ལོ་མང་པོ་སློབ་སྦྱོང་དང་བརྩོན་ཞིབ་བྱས་པ་བརྒྱུད། 2010ལོར། གྲགས་པ་བསྟན་འཛིན་རི་བོ་ཆེའི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་བྱེའུ་སྒང་ལུགས་ཀྱི་ཐང་ག་བཞེངས་མཁན་ཞིག་ཏུ་གྱུར་ཡོད་པ་རེད། 2015ལོར། གྲགས་པ་བསྟན་འཛིན་གྱི་བརྩམས་ཆོས《ཇོ་བོ་ཤཱཀྱ་མུ་ནེ》ལ་ཀྲུང་གོ་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ཐོག་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་གྱི་གསེར་གྱི་བྱ་དགའ་ཐོབ་པ་དང་། 2018ལོའི་བརྩམས་ཆོས《ཚེ་རིང་མཆེད་ལྔ》ལ་ཀྲུང་གོ་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་བཞི་པའི་ཐོག་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་གྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད།

    རང་ཉིད་ཀྱི་ལག་རྩལ་ལ་རྒྱུན་ཆད་མེད་པར་ཁས་ལེན་ཐོབ་པའི་བརྒྱུད་རིམ་ཁྲོད། གྲགས་པ་བསྟན་འཛིན་ལ་བསམ་བློ་གཞན་ཞིག་འཁོར་བ་རེད།

    2011ལོར། གྲགས་པ་བསྟན་འཛིན་གྱིས་གངས་ལྗོངས་མི་རིགས་བཟོ་རྩལ་ལྟེ་གནས་བཙུགས།

    ལྟེ་གནས་ཐོག་མར་འཛུགས་རིང་། གྲགས་པ་བསྟན་འཛིན་གྱིས་ཕྱོགས་གཅིག་ནས་བྱེའུ་སྒང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་གསོ་སྐྱོང་དང་། ཕྱོགས་གཞན་ཞིག་ནས་སློབ་སྦྱོང་ལ་ཡོང་མཁན་གཞོན་ནུ་ཚོར་ལག་རྩལ་སྣ་གཅིག་ལྡན་པར་བྱས་ཏེ། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དེ་རེད།

    གྲགས་པ་བསྟན་འཛིན་གྱིས“སྐབས་དེར་ལས་སྣོན་ལྟེ་གནས་ལ་དགེ་ཕྲུག་15ཡོད་ཅིང་། ཁོང་ཚོ་མི་རེར་ཟླ་རེར་སྒོར་1000ནས་2000བར་གྱི་གླ་ཆ་སྤྲོད་ཀྱི་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་ལྟོ་གོས་འགྲོ་སྡོད་སོགས་ཀྱི་འགྲོ་གྲོན་ཡང་གཏོང་དགོས་ཀྱི་ཡོད་པས་དཀའ་ངལ་ཆེན་པོ་འཕྲད་བྱུང”ཞེས་ཕྱིར་དྲན་བྱེད་བཞིན་བརྗོད།

    མང་ཚོགས་ལ་དཀའ་ངལ་འཕྲད་ཚེ་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཀྱི་ཡོད་པས། གངས་ལྗོངས་མི་རིགས་བཟོ་རྩལ་ལྟེ་གནས་ལ་དཀའ་ངལ་ཡོད་པ་ཤེས་རྗེས་རི་བོ་ཆེ་རྫོང་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་40སྤྲད་པ་དེ་ནི་གྲགས་པ་བསྟན་འཛིན་གྱི་ངོས་ནས་བརྗོད་ན་དུས་ཐོག་གི་ཆར་པ་རང་རེད།

    རི་བོ་ཆེ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལྟེ་གནས་དེར་ད་དུང་རྣམ་གྲངས་འོས་སྦྱོར་ཡང་བྱས་པ་དང་། ཁོང་ཚོའི་འབད་བརྩོན་འོག གངས་ལྗོངས་མི་རིགས་བཟོ་རྩལ་ལྟེ་གནས་ཀྱི་ཚོང་ལམ་རིམ་བཞིན་ཡངས་སུ་ཕྱིན་པ་རེད།

    ཚོང་ཡག་ཏུ་ཕྱིན་པ་དང་བསྟུན་ནས། 2014ལོར། གྲགས་པ་བསྟན་འཛིན་གྱིས་གངས་ལྗོངས་མི་རིགས་བཟོ་རྩལ་ལྟེ་གནས་ཀྱི་རྨང་གཞིའི་ཐོག་རི་བོ་ཆེའི་སྣོད་བཅུད་ཐོན་ལས་གླིང་དུ་ཁོང་གིས་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད།

    གངས་ལྗོངས་མི་རིགས་བཟོ་རྩལ་ལྟེ་གནས་བཙུགས་པ་ནས་མི་རིགས་རིག་གནས་ལག་ཤེས་བཟོ་ལས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པའི་བར། གྲགས་པ་བསྟན་འཛིན་གྱིས་སྔ་རྗེས་སུ་ཡུལ་དེ་གའི་རི་མོ་འབྲི་རྒྱུར་དགའ་བའི་དུད་ཚང་དབུལ་པོའི་བྱིས་པ་200ལྷག་ཙམ་ལ་སློབ་ཡོན་མི་དགོས་པར་དགེ་ཕྲུག་ཏུ་བསྡུས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་དམིགས་སུ་བཀར་ནས་སྔོན་ལ་བསྡུས་ཏེ། ལག་རྩལ་བསླབས་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས་པ་རེད།

    མིག་སྔར། གྲགས་པ་བསྟན་འཛིན་མི་རིགས་ལག་ཤེས་བཟོ་རྩལ་ཚོང་དོན་ཚད་ཡོད་འགན་འཁྲིའི་ཀུང་སིར་ལས་མི་40ལྷག་ཡོད་པའི་ཁྲོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་དབུལ་པོ་5ཡོད་པ་དང་། བཀྲ་ཤིས་རྣམ་རྒྱལ་ནི་དེ་དག་གི་གྲས་ཤིག་རེད།

    ལོ་23ལ་སླེབས་པའི་བཀྲ་ཤིས་རྣམ་རྒྱལ་གྱིས་གྲགས་པ་བསྟན་འཛིན་གྱི་ཀུང་སིའི་ནང་ལས་ཀ་བྱས་ནས་ལོ་བཞི་འགྲོ་གི་ཡོད་པ་དང་། ལོ་དེ་དག་རིང་རང་ཉིད་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ཁྱིམ་ཚང་གི་ཆ་རྐྱེན་ལེགས་སུ་བཏང་སྟེ། ད་ཆ་ཟོག་འདྲེན་རླངས་འཁོར་ཞིག་ཀྱང་ཉོས་ཡོད་པ་རེད།

    2011ནས་2019ལོའི་བར། གྲགས་པ་བསྟན་འཛིན་གྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ལག་ཤེས་བཟོ་རྩལ་པ་30ལྷག་ཙམ་གསོ་སྐྱོང་བྱས་པ་དང་། ཁོང་གིས་བཙུགས་པའི་ཁེ་ལས་ཀྱིས་མི་ཐེངས་800ལྷག་ཙམ་ལ་རིན་མེད་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ཡི་མི་83གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

    རང་ཉིད་ཀྱི་གྲུབ་འབྲས་སྐོར་གླེང་སྐབས། གྲགས་པ་བསྟན་འཛིན་གྱིས“ད་བར་ངས་ཧ་ལས་པའི་ལས་ཀ་ཡག་པོ་གང་ཡང་བྱེད་ཐུབ་མ་སོང་། སླད་ཕྱིན་རང་ནུས་གང་ཡོད་བཏོན་ནས་མི་གཞན་ལ་རོགས་རམ་དེ་བས་མང་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།