དབུ་ཤོག>ཆེད་སྒྲིག
  • འབྲོག་ཁུལ་ནས་བདེ་སྐྱིད་གླུ་དབྱངས་གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-26

    ཟླ་6པའི་དྲོད་འཇམ་ཉི་འོད་ཀྱིས་ས་བབ་མཐོ་ཚད་སྨི་4750ཟིན་པའི་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་ལ་གསོན་ཤུགས་སྦྱིན། རི་མོ་ལྟར་མཛེས་པའི་རྩྭ་ཐང་སྟེང་དལ་པོར་བསྐྱོད་སྐབས་མཐོང་རྒྱ་ཆེ་རུ་ཕྱིན། མདུན་ཕྱོགས་ནས་དབེན་འཇམ་གྱི་གྲོང་ཚོ་ཆུང་ཆུང་ཞིག་མིག་ལམ་དུ་རིམ་གྱིས་མངོན་འོང་། གསར་འགོད་པ་དང་བཅས་པ་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་སར་བསྐྱོད་སྐབས་རླུང་ཕྱོགས་དང་བསྟུན་ནས་ཡོང་བའི་དགའ་སྤྲོའི་རོལ་དབྱངས་ཀྱི་སྒྲ་དང་དགོད་སྒྲ་རྒྱང་རིང་ནས་ལྷང་ལྷང་དུ་ཐོས་བྱུང་།

    “མགྱོགས་པོ་ནང་ལ་ཕེབས་དང་”ཞེས་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོའི་གྲོང་མི་གུ་རུ་རྒྱལ་མཚན་གྱིས་རོལ་དབྱངས་གཏོང་མཚམས་བཞག་སྟེ། མགྱོགས་པོ་མདུན་དུ་ཡོང་ནས་གསར་འགོད་པ་དང་བཅས་པ་ཁྱིམ་དུ་གདན་དྲངས་ཏེ་ཇ་བསྲུབས་མ་བླུགས་བྱུང་། ཁོང་གིས་འཚེར་སྣང་གང་ཡང་མི་བྱེད་པར“ཉིན་འདི་དག་རིང་། ང་ཚོའི་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ཞབས་བྲོ་གསར་པ་ཞིག་རྩོམ་བཟོ་བྱས་ཡོད་པས། ལས་ཀ་མེད་དུས་ང་ཚོས་ཁྱིམ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད”ཅེས་བཤད།

    ཇ་བསྲུབས་མ་འཐུང་ཤོར་དུ་གུ་རུ་རྒྱལ་མཚན་གྱིས་ཁོང་ཚོའི་ཁྱིམ་ཚང་ཕྱུག་པོ་ཆགས་སྟངས་སྐོར་གླེང་བྱུང་།

    “བདེ་སྡོད་ཀྱི་ཕུགས་འདུན”མངོན་འགྱུར་བྱུང་བ།

    “ཕྱི་ལ་ཆར་པ་ཆེན་པོ་འབབ་སྐབས་ཁང་པའི་ནང་ཐིགས་པ་རྒྱག་གི་ཡོད”དེ་ནི་དེ་སྔ་གུ་རུ་རྒྱལ་མཚན་སྡོད་སའི་ཁང་པའི་གནས་ཚུལ་དངོས་ཡིན། དེ་སྔ་སྨི་ངོས་གྲུ་50ཡང་ཟིན་གྱི་མེད་པའི་ས་རྡོའི་ཁང་པའི་ནང་གུ་རུ་རྒྱལ་མཚན་གྱི་ནང་མི་བདུན་སྡོད་ཀྱི་ཡོད་པ་དང་། ཁང་པ་གུ་དོག་པ་དང་སྡོད་སའི་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། དེའི་རྐྱེན་གྱིས་གུ་རུ་རྒྱལ་མཚན་གྱི་སེམས་ནང་ཁང་པ་གསར་པ་ཞིག་རྒྱག་རྒྱུའི་འདུན་པ་དྲག་པོ་སྐྱེས།འོན་ཀྱང་ཁྱིམ་གྱི་ད་ལྟའི་གནས་ཚུལ་ལ་བསམ་དུས་གུ་རུ་རྒྱལ་མཚན་ཅི་བྱ་གཏོལ་མེད་དུ་གྱུར། ལོ་ན་ཆེ་བའི་ཕ་མ་དང་ཕྲུ་གུ་2ཕུད། ཁྱིམ་དུ་ལས་ཀ་འཇོན་པ་ཁོང་དང་། ཆུང་མ། གཅུང་མོ་བཅས་ལས་མེད། སྐབས་དེ་དུས་གུ་རུ་རྒྱལ་མཚན་ཁྱིམ་གྱི་ལོའི་ཡོང་འབབ་བསྡོམས་སྒོར་6000ཡང་ཟིན་གྱི་མེད། “ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་ལ་བརྟེན་ནས་ཁང་པ་གསར་པ་རྒྱག་རྒྱུ་ནི་ཉིན་མོའི་རྨི་ལམ་རང་རེད”ཅེས་གུ་རུ་རྒྱལ་མཚན་གྱིས་བཤད།

    2006ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་པའི་སྡོད་ཁང་སྒྱུར་བཀོད་དང་། སྐྱས་སྤོས་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོས་བཅས་གཙོ་གནད་དུ་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་དེས་གུ་རུ་རྒྱལ་མཚན་གྱི་བདེ་སྡོད་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་རེ་བ་སྦྱིན།

    “རྒྱལ་ཁབ་ཀྱི་ཁ་གསབ་དང་དངུལ་ཁང་གི་དངུལ་བུན་བརྒྱུད་སྐབས་དེ་དུས་ང་ཚོས་དངུལ་སྐར་མ་གཅིག་ཀྱང་གཏོང་མི་དགོས་པར་ད་ཆ་སྡོད་སའི་ཁང་པ་དེ་བསྐྲུན་པ་ཡིན” 2008ལོར། གུ་རུ་རྒྱལ་མཚན་གྱིས་ཁང་པ་རྙིང་པར་བཟོ་བཅོས་བརྒྱབ་པ་དང་འབྲེལ་འགྲམ་དུ་སྨི་ངོས་གྲུ་60ཟིན་པའི་ཁང་མིག་གཉིས་གསར་དུ་བརྒྱབ་པ་དང་། ད་དུང་སྒོ་ར་བསྐོར་བས་སྒོ་ར་རང་འགྲིག་གི་བོད་བཟོའི་ཁང་པ་གསར་རྐྱང་ཞིག་ཏུ་གྱུར། ཁོང་གིས“སྲིད་གཞུང་གིས་ལག་བསྟར་བྱས་པའི་བདེ་སྡོད་ལས་གྲྭའི་སྲིད་ཇུས་བཟང་པོ་མེད་ན་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་ག་ལ་ཡོང”ཞེས་བཤད།

    “འབྱོར་འབྲིང་ཕུགས་འདུན”དོན་གཉེར་བྱེད་པ།

    2012ལོའི་ཟླ་6པར། ཕུར་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་དང་བསྟུན་ནས་གུ་རུ་རྒྱལ་མཚན་ཁྱིམ་གྱི་འཚོ་བ་ལེགས་སུ་འགྲོ་འགོ་ཚུགས།

    མཉམ་ལས་ཁང་བཙུགས་མ་ཐག་གུ་རུ་རྒྱལ་མཚན་གྱིས་ཁྱིམ་གྱི་འབྲི་གཡག་47དང་། ལུག་113 ར་19བཅས་ཚང་མ་ཕྱུགས་ཟོག་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་མཉམ་ལས་ཁང་གི་གཉེར་སྐྱོང་ནང་ཞུགས། དེ་དང་ཆབས་ཅིག་ཁོང་དང་བཟའ་ཟླས་ད་དུང་མཉམ་ལས་ཁང་དུ་འོ་མ་བཞོ་བ་དང་ཕྱུགས་འཚོ་རྒྱུའི་རེ་ཞུ་བྱས་ནས་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་མ་རྐང་ནང་ཞུགས། “སྔོན་ཆད་རང་ཁྱིམ་དུ་ཕྱུགས་འཚོ་བར་འགྲོ་སོང་མང་པོ་གཏོང་དགོས་ལ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཆུང་། ད་ལྟ་མཉམ་ལས་ཁང་དུ་ཞུགས་རྗེས་ཕྱུགས་ཟོག་མ་རྐང་དུ་བཞག་པའི་ཁེ་སྤོགས་བགོ་བཤའ་རག་པ་མ་ཟད། ལས་ཀ་བྱས་པའི་ཡོང་འབབ་ཀྱང་ཡོད། ཕྱུག་འགྱུར་ཐབས་ལམ་ཡོད་པས་ང་དང་ཆུང་མའི་ལས་ཀ་བྱེད་སེམས་ཀྱང་ཆེ་རུ་ཕྱིན་སོང”ཞེས་གུ་རུ་རྒྱལ་མཚན་གྱིས་བཤད།

    མཉམ་ལས་ཁང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་གུ་རུ་རྒྱལ་མཚན་ཁྱིམ་གྱི་ལོ་རེའི་ཡོང་འབབ་ཀྱང་རྒྱུན་མཐུད་འཕར་ཡོད། 2019ལོར། གུ་རུ་རྒྱལ་མཚན་གྱི་ནང་མི་བཞིར་ཁྱོན་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ནས་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན།

    “ནང་ཆས་འདི་དག་ཚང་མ་མཉམ་ལས་ཁང་ནང་ཞུགས་རྗེས་རིམ་བཞིན་ཉོས་པ་ཡིན། ད་ཆ་ཁྱིམ་དུ་འཛིན་ཆས་གང་དགོས་ཆ་ཚང་བ་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད། མཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། འཁྱག་སྒམ། དུག་སེལ་ཆ་སྒམ་སོགས་ཀྱི་གློག་ཆས་གྲལ་འགྲིག་པོར་བསྒྲིགས་འདུག་ལ། བོད་བཟོའི་ཆ་སྒམ་དང་། རྒྱ་ལྕོག རྒྱབ་བསྙེས་སོགས་ཧ་ཅང་ཆ་ཚང་པོར་འདུག་པས་ཁྱིམ་ཚང་ཡོངས་ནས་སྐྱིད་སྣང་དོད་པའི་རྣམ་པ་ཞིག་ཀྱང་མངོན་བཞིན་འདུག

    འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པས་གུ་རུ་རྒྱལ་མཚན་གྱིས“ངས་ད་ལྟའི་གོ་སྐབས་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བར་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན”ཞེས་བརྗོད།

    “འབྱུང་འགྱུར་གྱི་ཕུགས་འདུན”བཏོད་པ།

    མི་ལ་ཤེས་བྱ་ལྡན་གྱུར་ན། རྒྱུ་ནོར་ལོངས་སྤྱོད་ལས་ཀྱང་ལྷག “ཕྱུག་པོ་ཆགས་པའི”བརྒྱུད་རིམ་ནང་གུ་རུ་རྒྱལ་མཚན་གྱིས་ཤེས་བྱའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ཡོད།

    སྔོན་ཆད་ཀྱི་ཁྱིམ་ཚང་ཆེན་པོ་ནས་ལོགས་སུ་དོན་ཏེ། ད་ཆ་ནང་མི་བཞིའི་ཁྱིམ་བདག་ཏུ་གྱུར་པའི་གུ་རུ་རྒྱལ་མཚན་གྱིས་མི་རབས་རྗེས་མའི་འཚར་ལོངས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་བཏང་སྟེ་དབུལ་པོའི་རྩ་བ་རྦད་དེ་གཅོད་རྒྱུའི་སེམས་ཐག་བཅད།

    “ང་ཚོའི་ཕ་མེས་ཡང་མེས་ལ་རིག་གནས་དང་ལག་རྩལ་མེད་པས་ཤུགས་ལས་ཁོ་ནར་བརྟེན་ནས་ཡོང་འབབ་གསོག་དགོས། ངས་ཕྲུ་གུ་ཚོ་ང་ཚོ་ནང་བཞིན་དཀའ་སྡུག་གི་འཚོ་བ་སྐྱེལ་དུ་འཇུག་འདོད་མི་འདུག ད་ཆ‘འགན་ལེན་གསུམ’གྱི་སྲིད་ཇུས་དང་སློབ་སྐྱོར་དངུལ་བུན་སོགས་ཀྱི་སྲིད་ཇུས་བཟང་པོ་ཡོད་པས་ཕྲུ་གུ་ཚོར་སློབ་གསོ་ཐོབ་པའི་གོ་སྐབས་བཟང་པོ་འཕྲད་ཡོད”ཅེས་བཤད། “ཕྲུ་གུ་གཉིས་སློབ་གྲྭར་འགྲོ་བའི་དུས་ལ་སླེབས་སྐབས་གུ་རུ་རྒྱལ་མཚན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁོ་གཉིས་སློབ་གྲྭར་བསྐྱལ། ད་ཆ་བུ་མོ་ཆེ་བ་སྲི་ཐར་དཔལ་མོ་ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་འགྲིམ་བཞིན་པ་དང་། བུ་ཆུང་བ་ཆོས་དབྱིངས་དགྲ་འདུལ་གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་འགྲིམས་བཞིན་ཡོད།

    འབྱུང་འགྱུར་གྱི་སྐོར་གླེང་སྐབས་གུ་རུ་རྒྱལ་མཚན་གྱིས་གཟུགས་པོ་ཐང་པོ་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་རེད། གྲོས་མོལ་བྱེད་སྐབས། གསར་འགོད་པས་ཤེས་གསལ་ལྟར་ན། ད་ཆ་གུ་རུ་རྒྱལ་མཚན་གྱི་ནང་མིས་སྲོལ་རྒྱུན་གྱི་བཟའ་བཏུང་གོམས་གཤིས་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། རྒྱུན་དུ་ཞག་ཚིལ་མང་བའི་ཟས་རིགས་ཉུང་ཙམ་བཟས་ནས་བཟའ་བཏུང་གི་གོམས་སྲོལ་བཟང་པོ་འཇགས་པར་བྱེད་ཀྱི་ཡོད།

    ང་ཚོའི་གྲོང་ཚོའི་དྲོད་ཁང་ཆེ་མོའི་ནང་ལ་ཕུག་དང་། ཚལ་ཀྭ ཧོང་ཀྭ པད་ཚལ་སོགས་སྔོ་ཚལ་བཏབ་ཡོད། ཐག་རིང་ལ་འགྲོ་མི་དགོས་པར་ང་ཚོར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད། ད་ཆ་ང་ཚོས་ལྟོ་དུས་ཚང་མར་ཤ་ཚལ་དང་སྔོ་ཚལ་མཉམ་དུ་བསྡེབས་ནས་ཟ་ཡི་ཡོད་པས། གཟུགས་པོ་ཐང་དུ་ཕྱིན་འདུག གཟུགས་པོ་ཐང་པོ་ཡོད་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་ཡུན་རིང་ལོངས་སུ་སྤྱོད་ཐུབ”ཅེས་གུ་རུ་རྒྱལ་མཚན་གྱིས་སེམས་འགུལ་ཐེབས་བཞིན་བཤད།

    གུ་རུ་རྒྱལ་མཚན་ཁྱིམ་གྱི་ནང་མི་ཚོས་འབྱོར་འབྲིང་ལམ་དང་། ཕྱུག་འགྱུར་ལམ། བདེ་སྐྱིད་ལམ་བཅས་སུ་དཔའ་མཛངས་རྟུལ་ཕོད་ཀྱིས་བསྐྱོད་ནས་ཕུགས་འདུན་དོན་གཉེར་དང་། ཕུགས་འདུན་གཏོད་པ། ཕུགས་འདུན་འགྲུབ་པ་བཅས་ཀྱི་ལག་ལེན་ཁྲོད་དུ་འབད་བརྩོན་ལྷོད་མེད་བྱས་པས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དད་སེམས་བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།