ཉེ་བའི་ལོ་ཤས་རིང། ལུག་ཤ་ཞིམ་པ་དང་ལུག་ལྤགས་ལེགས་པ་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཨ་དབང་ལུག་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་སྟེ་གོ་འཇོ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་མཐུན་རྐྱེན་གལ་ཆེན་ལ་གྱུར་ཡོད།
ཐོན་ལས་རིམ་སྤོར་ལ་བརྟེན་ནས་འཕེལ་རྒྱས་ཡོང་བ་བྱས་པ།
གོ་འཇོ་རྫོང་དུ་ཨ་དབང་ལུག་གསོ་ཚགས་བྱེད་སྲོལ་ལ་ལོ་1400ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2015ལོའི་གོང་གོ་འཇོ་རྫོང་གི་འབྲོག་པས་སྐྱས་སྤོས་ཀྱི་ཐབས་ལ་བརྟེན་ནས་ཨ་དབང་ལུག་གསོ་ཚགས་བྱེད་ཀྱི་ཡོད། རང་བྱུང་གི་རགས་ལས་རྣམ་པའི་གསོ་ཚགས་བྱེད་སྟངས་དེའི་གསོ་ཚགས་བྱེད་སྟངས་ཁ་ཐོར་དང་ཕན་འབྲས་ཞན་པས་གཞི་ཁྱོན་ཆགས་མེད། བསྡོམས་རྩིས་བྱས་པར་གཞིགས་ན། 2012ལོར་རྫོང་ཡོངས་ཀྱི་ཨ་དབང་ལུག་ལག་ཡོད་མགོ་གྲངས་9000ལས་མེད།
2015ལོར་གོ་འཇོ་རྫོང་གིས“རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་ཀ་ལེགས་སུ་གཏོང་བའི”ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས“གསོ་སྦྱོང་དང་། ཚན་ཞིབ། བརྒྱུད་སྤེལ། ཁྱབ་སྤེལ། ལས་སྣོན། ཟོག་འགྲེམས། གྲང་ཕྲེང་། ཕྱིར་ཚོང”བཅས་གཞི་གཅིག་ཏུ་བསྡུས་པའི་ཨ་དབང་ལུག་གི་ཐོན་ལས་འཁོར་སྦྲེལ་བཙུགས་ནས་ཨ་དབང་ལུག་རིམ་བཞིན་ས་ཁོངས་ཅན་ལ་ཁྱབ་པ་དང་། ཐོན་ལས་ཅན་གྱི་ཚོང་གཉེར། ཚད་ལྡན་ཅན་གྱི་ཐོན་སྐྱེད་བཅས་མངོན་འགྱུར་བྱུང་ཡོད།
རྒྱུད་པ་ཁྱབ་སྤེལ་གཏོང་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། 2016ལོར་གོ་འཇོ་རྫོང་གིས་རོགས་སྐྱོར་བྱས་ནས་གོ་འཇོ་རྫོང་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་དང་འབོ་ལོ་གྲོང་རྡལ་བདེ་སྐྱིད་གྲོང་ཚོའི་མུའུ་151གི་གྲམ་ཐང་དུ་མ་དངུལ་སྒོར་ཁྲི་4150བཏང་ནས་ཨ་དབང་ལུག་རྒྱུད་ཁྱབ་སྤེལ་དཔེ་སྟོན་རྟེན་གཞི་བསྐྲུན་པ་རེད། “ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་རྣམ་པ་བརྒྱུད། རིམ་རྩིས་བྱས་ན་ཨ་དབང་ལུག་15569གསོ་ཚགས་བྱས་ནས་མི་38ལས་ཞུགས་ཐུབ་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་6200འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད།
“རྟེན་གཞི་དེས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་འགའ་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། གསོ་ཚགས་དུད་ཚང་ལྟ་སྐོར་བྱེད་པ་དང་ལག་རྩལ་གསོ་སྦྱོང་བྱེད་དུ་བཅུག་ནས་ཞིང་འབྲོག་ལས་ལ་ཕན་འབྲས་ཐོན་པ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱས་ཡོད”ཅེས་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྐལ་བཟང་ཚེ་རིང་གིས་བཤད།
གཞན་ཡང་གོ་འཇོ་རྫོང་གིས་ད་དུང་ཨ་དབང་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་ཨ་དབང་ཤང་བཅིངས་འགྲོལ་གྲོང་ཚོ་དང་། འབོ་ལོ་གྲོང་རྡལ་འུ་སྡེ་གྲོང་ཚོ། ལྷ་རྒྱལ་ཤང་རྒྱབ་རི་གྲོང་ཚོ་སོགས་ཨ་དབང་ལུག་གསོ་ཚགས་ལྟེ་གནས་གྲོང་ཚོ་19དང་ཁྱབ་སྤེལ་གཏོང་བའི་གྲོས་མཐུན་བཞག་པ་རེད།
ཨ་དབང་ཤང་ནི་གོ་འཇོ་རྫོང་ཨ་དབང་ལུག་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་། འདི་ལོ་མུའུ་150ཡོད་པའི་ལུག་ཁྱབ་སྤེལ་རྟེན་གཞི་བསྐྲུན་ཟིན་པ་དང་གསོ་ཚགས་ལྷས་ར་20དང་གཟན་རྩྭའི་མཛོད་2ཡོད་པ་དེ་དག་ལ་ཁྱོན་སྒོར་ཁྲི་3500བཏང་བ་རེད།
ཨ་དབང་ཤང་གི་ཤང་ཀྲང་ཞུས་ལིན་གྱིས“2015ལོའི་གོང་དུ་ང་ཚོའི་ཤང་དུ་ཨ་དབང་ལུག་5000ཡང་ཟིན་གྱི་མེད། ད་ཆ་ཨ་དབང་ལུག་10265ཡོད”ཅེས་བཤད།
ཐོན་ལས་དབུལ་སྐྱོར་གྱི་ཐབས་ལམ་བཟང་བ།
ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གནོད་མེད་དང་། སྤུས་ལེགས། ནུས་ཆེ། ཐོན་ཚད་མང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1333འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་ཡོད་པ་རེད།
2017ལོར་གོ་འཇོ་རྫོང་སྲིད་གཞུང་གིས《གོ་འཇོ་རྫོང་ཨ་དབང་ལུག་གསོ་ཚགས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱ་ཐབས》བཏོན་ནས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2625.69བཏང་སྟེ་ཨ་དབང་ལུག་ཡུན་རིང་གསོ་ཚགས་བྱེད་འདོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལུག་20ནས་50བར་གསོ་ཚགས་བྱེད་དུ་བཅུག་ཡོད། གོ་འཇོ་རྫོང་ཨ་དབང་ཤང་མོ་ལུང་གྲོང་ཚོའི་གྲོང་མི་སྤེན་པ་ནི་སྲིད་ཇུས་དེ་ལས་ཕན་པ་ཐོབ་མཁན་ཞིག་རེད། ལོ་དེར་ཁོང་གིས་ཨ་དབང་ལུག་50གསོ་ཚགས་བྱས་པ་རེད།
“ཐོག་མར་ལུག་གསོ་ཚགས་བྱེད་མྱོང་མེད་པ་དང་རང་ཉིད་ཀྱིས་ལུག་གསོ་སྟངས་ཤེས་ཀྱི་མེད་པས་དཀའ་ངལ་ཆེན་པོ་བྱུང་། ཤང་སྲིད་གཞུང་གིས་ལུག་གསོ་ཚགས་དུད་ཚང་ཆེན་པོ་ཞིག་ཆེད་མངགས་རང་ཉིད་ལ་རོགས་རམ་བྱེད་པར་བཏང་བྱུང་། གྲོང་ཚོས་ད་དུང་དུས་ཚོད་གཏན་འཁེལ་གྱིས་ལུག་གསོ་ཚགས་ལག་རྩལ་གསོ་སྦྱོང་བྱས་བྱུང”ཞེས་སྤེན་པས་བཤད། ལོ་གསུམ་རིང་སྤེན་པའི་ཁྱིམ་དུ་ལུག་100ཙམ་འཕེལ་ཡོད།
“འདི་ལོའི་ལོ་མཇུག་ཏུ་ལུག་15འཚོང་རྩིས་ཡོད། ཁྲོམ་རའི་རིན་གོང་ལྟར་ན་ལུག་རེར་སྒོར་2500རག་གི་ཡོད་པས་ཡོང་འབབ་སྒོར་ཁྲི་4ཙམ་ཡོང་བ་འདུག”ཅེས་སྤེན་པས་དགའ་ཚོར་ངང་བཤད།
ལྷན་སྦྱར་བྱ་ཐབས་ཐད་གོ་འཇོ་རྫོང་གིས་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས་མི་ཐབས་ལ་བརྟེན་ཏེ་རྩྭ་མུའུ་7665བཏབ་པ་རེད། རྟེན་གཞི་དེས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་ཡོད།
འབོ་ལོ་གྲོང་རྡལ་རྔ་ཡུལ་གྲོང་ཚོའི་གྲོང་མི་རྡོ་རྗེ་དངོས་གྲུབ་ཀྱིས་འདི་ལོ་གྲོ་མུའུ་1དང་ཡུག་པོ་མུའུ་1.5བཏབ་ནས་ཐོན་ཚད་རྒྱ་མ་ཁྲི་གཅིག་ཙམ་ཟིན་ཡོད། འདི་ལོ་རྒྱ་མ་རེའི་ཡོང་འབབ་སྒོར་0.4ལ་བརྩིས་ན་ཁྱོན་ཡོང་འབབ་སྒོར་4000ཡོང་གི་འདུག”ཅེས་རྡོ་རྗེ་དངོས་གྲུབ་ཀྱིས་བཤད།
གསོ་ཚགས་དུད་ཚང་གིས་འཇོན་ཐང་བཏོན་པ།
རྡོ་མགོན་ནི་གོ་འཇོ་རྫོང་བཅིངས་འགྲོལ་གྲོང་ཚོའི་ཨ་དབང་ལུག་གསོ་ཚགས་བྱེད་མཁན་དུད་ཚང་ཆེ་མོ་ཞིག་རེད།
“ང་ཚོའི་ཁྱིམ་དུ་ད་ལྟ་ཨ་དབང་ལུག་1300ཡོད་པས་གྲོང་ཚོའི་ནང་གི་མང་ཤོས་གྲས་ཤིག་ཡིན། འདི་ལོ་ངས་ལུ་གུ་500གསོ་རྩིས་ཡོད”ཅེས་ལོ་51ལ་སླེབས་པའི་ངོ་གདོང་ཅུང་དམར་ལ་སྣུམ་ཞག་དོད་པའི་རྡོ་མགོན་གྱིས་ཚིག་ཐག་ཆོད་པོས་བཤད། ཁོང་གི་ཤུགས་རྐྱེན་འོག ད་ཆ་གྲོང་ཚོའི་ནང་ལུག་གསོ་མཁན་མང་པོ་ཡོད་པའི་རྣམ་པ་དེ་ནི་དེ་སྔོན་མཐོང་རྒྱུ་མེད།
“2010ལོར་ངའི་ཁྱིམ་དུ་ཨ་དབང་ལུག་ལྔ་བཅུ་དྲུག་ཅུ་ཙམ་ལས་མེད། སྐབས་དེ་དུས་གཅིག་ནས་ལུག་བྲིན་ཁ་རྒྱུག་པོ་མེད་པ་དང་ཁྲོམ་རའི་གོང་ཚད་དམའ་བས་ཡོང་འབབ་དེ་ཙམ་མེད། གཉིས་ནས་ལུག་གི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་འགོག་བཅོས་བྱ་ཐབས་མི་འདང་བས་ལུག་གསོན་ཚད་ཡག་པོ་མེད་སྟབས། ལུག་བཞི་ལྔ་གསོས་པ་ལས་འབྲི་གཡག་གཅིག་གསོས་ན་ཡག་པ་ཡོད”ཅེས་རྡོ་མགོན་གྱིས་དེ་སྔའི་གནས་ཚུལ་དྲན་གསོ་བྱེད་ཀྱིན་དུ་བཤད།
ཉེ་བའི་ལོ་ཤས་རིང་། ཨ་དབང་ལུག་གི་སྤུས་རྟགས་ཁྱབ་གདལ་དང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ནས་ནར་སོན་ལུག་ཐུག་གི་རིན་གོང་སྒོར་2500ནས་3000བར་འཕར་ཡོད་པ་རེད། 2016ལོར་གོ་འཇོ་རྫོང་གིས་ཨ་དབང་ལུག་གི་ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་ལ་གཞིགས་ནས་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ལྷ་ཐོ་དང་། ཨ་དབང་། འབོ་ལོ་སོགས་ཤང་དང་གྲོང་རྡལ་5ལ་གསོ་ཚགས་དུད་ཆེན་165སྐྱེད་སྲིང་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། གསོ་ཚགས་དུད་ཆེན་གྱིས་ཨ་དབང་ལུག་སྐྱེད་སྲིང་དང་གསོ་སྤེལ་བྱ་རྒྱུར་སྐུལ་ལྕག་བྱས་པའི་ཁྲོད་རྡོ་མགོན་ནི་དེའི་གྲས་ཤིག་རེད།
2016ལོར་རྡོ་མགོན་གྱིས་ཉོ་ཐེངས་གཅིག་ལ་ཨ་དབང་ལུག་400ལྷག་ཙམ་ཉོས་པ་དང་། དེ་རྗེས་ལོ་4ཡི་རིང་ཁོང་གིས་ལོ་ལྟར་ནར་སོན་ལུག་ཐུག་ཁ་ཤས་ཕྱིར་ཚོང་བྱེད་པ་ཕུད། མ་མོ་དང་ལུ་གུ་ཧ་ལམ་འཚོང་གི་མེད། བྱ་ཐབས་དེ་རིགས་བརྒྱུད་རྡོ་མགོན་ཁྱིམ་གྱི་ལུག་གི་གྲངས་འབོར་ལོ་རེ་བཞིན་འཕེལ་བ་དང་། “ན་ནིང་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ངའི་ཁྱིམ་གྱི་ལུག་100ཉོས་པར་ཡོང་འབབ་སྒོར་ཁྲི་25ཟིན་གྱི་འདུག”ཅེས་རྡོ་མགོན་གྱིས་དགའ་སྤྲོའི་ངང་བཤད།
གོ་འཇོ་རྫོང་གི་རྫོང་དཔོན་དབྱང་ཡུས་པིན་གྱིས“གོམ་སྟབས་རྗེས་མར། སྣེ་འདྲེན་ཁེ་ལས་ཀྱིས་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་ཞུགས་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ‘ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི’བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ནང་འདྲེན་དང་ཁྲོམ་ར་ཅན་གྱི་ལམ་བུའི་ཐོག་སྐྱོད་ནས་ཐོན་ལས་འཕེལ་རྒྱས་དང་གཞི་ཁྱོན་ཆགས་པར་བྱས་ནས་མང་ཚོགས་ལ་འབབ་འཕར་སྣེ་ཁྲིད་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།