
གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་ནི་མངོན་གསལ་དོད་ཤོས་ཀྱི་ཞན་ཆ་ཞིག་རེད། མ་གཞི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ནི་མི་ཚང་མ་འདྲ་འདྲ་མཉམ་མཉམ་གྱི་འབྱོར་འབྲིང་ཞིག་མིན་མོད། འོན་ཀྱང་གལ་ཏེ་གྲོང་གསེབ་ཀྱི་ད་ཡོད་མི་འབོར་དབུལ་པོ་ཁྲི་བདུན་སྟོང་ལྷག་ཙམ་གྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་མ་བཏང་ན། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལ་མི་རྣམས་ཀྱིས་ཡིད་ཆེས་བྱེད་ཐབས་བྲལ།
དེར་བརྟེན《གྲོས་འགོའི》ནང་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྩ་བའི་མཚོན་རྟགས་ལ་བརྩིས་ནས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་མ་ཟད། ཆོད་སེམས་དེ་བས་བརྟན་པ་དང་། བསམ་ཕྱོགས་དེ་བས་ཞིབ་ཚགས། བྱེད་ཐབས་དེ་བས་ནུས་ལྡན་བཅས་ཀྱི་སྒོ་ནས་རྒྱུན་གཏན་ལས་ལྷག་པའི་བྱེད་ཐབས་སྤྱོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འདུ་འགོད་ལག་བསྟར་བྱས་ནས་རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འཕུད་ཐུབ་པ། ས་ཁོངས་རང་བཞིན་གྱི་དབུལ་པོ་ཚང་མ་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས།
《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས》(2015ལོའི་ཟླ་10ཚེས་29ཉིན)