འདི་ནི་གཉེན་སྒྲིག་བྱེད་མཁན་ཞིག་གིས་གཡས་རུ་ལུང་ཤུར་དུ་ཆང་སའི་པར་རྒྱག་བཞིན་པ།
ལུང་ཤུར་དབུས་སུ་གནས་པའི་རི་བོ་ཆེ་རྫོང་གཡས་རུ་ཤང་ཧྲུའེ་ཐི་གྲོང་ཚོར་ཆེ་ཆུང་མི་འདྲ་བའི་བོད་བཟོའི་ཁང་བཟང་རིམ་པར་ཆགས་པ་དང་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག གྲོང་ཚོའི་ཞོལ་དུ་དལ་པོར་བཞུར་བའི་ཆུ་འགྲམ་དུ་ཆང་སའི་པར་རྒྱག་མཁན་ཁག་གཅིག་འདུག“གཡས་རུ་ལུང་ཤུར་ནི་ངའི་པཱ་ལགས་ཀྱིས་ངོ་སྤྲོད་གནང་བའི་མཛེས་ལྗོངས་རེད། ང་ཚོས་ཞོགས་པ་གྲོང་ཁུལ་ནས་ཐོན་ཏེ་ཆེད་མངགས་འདི་གར་པར་རྒྱག་པར་ཡོང་བ་ཡིན། ཡུལ་ལྗོངས་མཛེས་པོ་འདི་འདྲ་ང་རང་གྲོང་ཁྱེར་དུ་ལོག་རྗེས་དགའ་ཉེ་སྤུན་མཆེད་ལ་ངོ་སྤྲོད་བྱེད་རྒྱུ་ཡིན”ཞེས་མག་པ་འཇམ་དབྱངས་མཁས་གྲུབ་ཀྱིས་དེ་ལྟར་བཤད།
འབབ་འཕར་ཡོང་གང་ཐུབ་བྱས་པ།
ཧྲུའེ་ཐི་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་པ་དང་། ས་ཐག་རིང་ལ་འགྲིམ་འགྲུལ་སྟབས་བདེ་མེད་པས་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཞན་པོ་ཡོད། ལོ་ལྔའི་གོང་འདི་ག་ནི་ཤང་ཡོངས་སུ་སྐད་གྲགས་ཆོད་པའི་དབུལ་ཕོངས་གྲོང་ཚོ་ཞིག་རེད།
“ལོ་ཤས་གོང་གཞུང་ལམ་ཤར་གཏོང་མི་ཐུབ་པས་མང་ཚོགས་རྣམས་ཕྱུགས་འཚོ་བ་དང་ཞིང་ཁ་བཏབ་ནས་ལྟོ་གོས་འཕྱི་ཐབས་བྱེད་ཀྱི་ཡོད། འདི་གར་ཡུལ་ལྗོངས་མཛེས་པོ་ཡོད་ཀྱང་ཡུལ་ལྗོངས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་སྙམ་པ་བསམ་བློར་འཆར་མྱོང་མེད། ཡུལ་སྐོར་ཟེར་བ་ཡང་གང་ཡིན་ཤེས་མཁན་མེད”ཅེས་ཧྲུའེ་ཐི་གྲོང་ཚོའི་དུད་ཚང་དབུལ་པོའི་གྲོང་མི་ནོར་བཟང་དགེ་ལེགས་ཀྱིས་བཤད།
ནོར་བཟང་དགེ་ལེགས་ཁྱིམ་ལ་མི་8ཡོད་པ་དང་། ངལ་རྩོལ་རྩལ་ནུས་མི་འདང་བས་འཚོ་བ་ཧ་ཅང་ཁ་ཐང་པོ་ཡོད། 2015ལོ་ནས་བཟུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ངོས་འཛིན་བྱས་རྗེས་འཚོ་བ་ཇེ་ལེགས་སུ་འགྲོ་འགོ་ཚུགས། སྲིད་གཞུང་གིས་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད། ནོར་བཟང་དགེ་ལེགས་ཁྱིམ་གྱི་ནང་མི་དྲུག་སྣོད་བཅུད་ལས་གནས་སུ་ལས་ཀ་བཀོད་སྒྲིག་བྱས་པ་དང་། མི་རེར་ལོ་རེར་སྒོར་3500ཡི་ཁ་གསབ་ལེན་རྒྱུ་ཡོད། གཞན་ཡང་གྲོང་ཚོའི་འབྲུ་སྣུམ་མཉམ་ལས་ཁང་གིས་ལོ་མཇུག་ཏུ་ད་དུང་ཁོང་ཚོར་ཡོང་འབབ་བགོ་བཤའ་རྒྱག་གི་ཡོད།
2018ལོའི་ལོ་མཇུག་ཏུ་རི་བོ་ཆེ་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་80བཏང་ནས་གཡས་རུ་ལུང་ཤུར་དུ་ཁྱིམ་ཚང་རྣམ་པའི་ཡུལ་སྐོར་སྒྲིག་བཀོད་བསྐྲུན་ཏེ། 2019ལོའི་ཟླ་བརྒྱད་པ་ནས་བཟུང་སྤྱོད་འགོ་ཚུགས་ཡོད།
“ཉེ་བའི་ལོ་ཤས་རིང་ང་ཚོའི་ཤང་གིས་ལུང་ཤུར་ཡུལ་སྐོར་གསར་སྤེལ་འཇུག་གཞིར་བྱས་ནས་ཡུལ་བབ་ལ་བསྟུན་ཏེ‘ཡུལ་སྐོར་དང་དབུལ་སྐྱོར’ཟུང་འབྲེལ་གྱི་བྱེད་ཐབས་ལག་ལེན་བསྟར་ཞིང་། རྒྱལ་ཁབ་ཀྱིས་དུད་ཚང་དབུལ་པོ་10ལ་དུད་ཚང་རེར་སྒོར་ཁྲི་8རེ་སྤྲད་ནས་ཁྱིམ་ཚང་མགྲོན་ཁང་ལ་བཟོ་བཅོས་དང་སྒྱུར་བཀོད་བྱས་པ་རེད། གཞན་ཡང་ང་ཚོའི་ཤང་གིས་བསྐྲུན་པའི་འགྲུལ་སྐྱེལ་བབས་ཚུགས་དང་ཡུལ་སྐོར་ཁ་འགྲེམས་ལྟེ་གནས་ཀྱང་2019ལོའི་ཟླ་བཅུ་པར་ལས་མཇུག་འགྲིལ་བ་དང་། དེས་གཙོ་བོ་ཡུལ་སྐོར་བར་ཁ་འགྲེམས་དང་། བརྗེ་སྡོད། ངལ་གསོ་བཅས་གཞི་གཅིག་ཅན་གྱི་གཅིག་འཐུས་རྣམ་པའི་ཡུལ་སྐོར་ཞབས་འདེགས་ཞུ་རྒྱུ་དེ་རེད”ཅེས་གཡས་རུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ངག་དབང་ཆོས་སྒྲོན་གྱིས་སྤོབས་པ་ཆེན་པོས་བཤད་བྱུང་།
ཡུལ་བབ་ལ་བསྟུན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
འདི་ལོའི་ཟླ་དྲུག་པར“སྤྲོ་སྣང་བདེ་ཐང་བྱ་སྤྱོད། ལྟ་ན་སྡུག་པའི་གཡས་རུར་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་གཡས་རུ་ལུང་ཤུར་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་ཡུལ་སྐོར་བ་བརྒྱ་ལྷག་ཙམ་ས་ཕྱོགས་ཁག་ནས་ཡོང་སྟེ་ལུང་ཤུར་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་མཉམ་དུ་མྱོང་རོལ་བྱས་པ་རེད།
ངག་དབང་ཆོས་སྒྲོན་གྱིས“བྱེད་སྒོ་མཇུག་འགྲིལ་རྗེས་ཡུལ་སྐོར་བ་ཚོས་ད་དུང་དམངས་སྲོལ་ཁྱིམ་ཚང་དུ་ཡོང་ནས་བོད་ཟས་ལོངས་སུ་སྤྱད་ཅིང་། ཇ་བསྲུབས་མ་དང་། རྩམ་པ། ཚགས་ཤ། ཞོ། ཉུང་མའི་ཐང་སོགས་ཀྱི་ཟས་མཆོག་ལ་རོལ་རྒྱུ་བྱུང་བས་ཁོང་ཚོར་དྲན་འཆར་ཟབ་མོ་བཞག་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
“དེ་ཉིན་ང་ཚོའི་ཁྱིམ་གྱིས་ཁ་ལག་བཟོས་པ་ཁོ་ནར་ཡོང་འབབ་སྒོར་1100ལྷག་ཙམ་རག་བྱུང་། བཟའ་བཏུངས་ཕུད་ང་ཚོས་སྡོད་ས་མཁོ་འདོན་བྱེད་ཀྱི་ཡོད། མི་རེར་དགོང་མོ་རེར་སྒོར་50ནས་75བར་ལེན་པ་དང་། ཡུལ་སྐོར་བས་ཀྱང་ཁང་པ་ཆ་ཚང་གཡར་ནའང་འགྲིག ཉིན་རེར་སྒོར་300ལེན་གྱི་ཡོད”ཅེས་ནོར་བཟང་དགེ་ལེགས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།
གཡས་རུ་ལུང་ཤུར་གྱི་ཡུལ་སྐོར་གསར་སྤེལ་ཕུད། གཡས་རུ་ཆུ་ཚན་ཡང་ཤང་དེས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བའི་ཡུལ་སྐོར་རྣམ་གྲངས་ཤིག་རེད། གཡས་རུ་ཆུ་ཚན་འདི་ཉིད་ཤེལ་གྱི་མཆོད་རྟེན་འདྲ་བའི་གངས་རི་དང་ནགས་ཚལ་སྟུག་པོའི་ཁྲོད་དུ་ཆགས་པ་དང་། གནམ་གཤིས་སྐྱིད་ལ་ཡུལ་ལྗོངས་ལྟ་ན་སྡུག་པས། དེ་ནི་ངལ་གསོ་དང་ལུས་ཁམས་གསོ་བའི་གནས་མཆོག་ཅིག་རེད།
ཆུ་ཚན་ལ་བརྟེན་ནས་བསྐྲུན་པའི་གཡས་རུ་ཆུ་ཚན་གསོལ་མགྲོན་ཁང་ནི་ལུས་གསོ་དང་། སྤྲོ་གསེང་། རང་བྱུང་མཛེས་ལྗོངས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཆུ་ཚན་ལུས་གསོ་ཁང་ཞིག་ཡིན་པ་དང་། ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་6.5ལ་སྣེ་ལེན་ཞུ་ཡི་ཡོད། 2019ལོའི་ལོ་མཇུག་ཏུ་གསོལ་མགྲོན་ཁང་གིས་སྒོར་99800བཏང་ནས་ཤང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཡོང་འབབ་བགོ་བཤའ་བརྒྱབ་པ་དང་། སྔོན་དཔག་ལྟར་ན་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་དེ་ལོ་ལྟར་0.5%ཡི་ཚད་གཞི་ལྟར་འཕར་རྒྱུ་རེད།
བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྲུང་སྐྱོང་བྱས་པ།
གླེང་རིན་ཡོད་པ་ཞིག་ལ། གཡས་རུ་ཤང་གིས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས་སྔ་བར་ཕྱི་གསུམ་དུ་སྣོད་བཅུད་སྲུང་སྐྱོང་གནས་བབ་ཨང་དང་པོར་བཞག་ཡོད།
ལོ་32ལ་སླེབས་པའི་དགེ་ལེགས་རྒྱ་མཚོ་ནི་ཧྲུའེ་ཐི་གྲོང་ཚོའི་ནགས་སྲུང་བ་ཞིག་རེད། ཁོང་གིས“ང་ཚོས་ཟླ་བ་མི་རེ་ངོ་རེར་ཉུང་མཐར་ཡང་རི་སྐོར་ལ་ཐེངས་བཞི་འགྲོ་ཡི་ཡོད། འདི་གར་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་བས་ང་ཚོས་སྲུང་དགོས། ང་ལས་ཀ་འདིར་ཧ་ཅང་དགའ་པོ་ཡོད། རང་ནུས་ཕྲན་བུ་བཏོན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆེད་དུ་ལེགས་སྐྱེས་གང་ཐུབ་འབུལ་འདོད་ཡོད”ཅེས་བཤད་པ་རེད།
2011ལོའི་གོང་གྲོང་ཚོའི་གྲོང་མི་གཞན་དང་འདྲ་བར་དགེ་ལེགས་རྒྱ་མཚོའི་ཁྱིམ་གྱི་ཁང་པ་གསར་པ་རྒྱག་པར་ཤིང་ཆ་མང་པོ་དགོས་ཀྱི་ཡོད། གཞན་ཡང་དགུན་དུས་གནམ་གཤིས་གྲང་ངར་ཆེ་བས་འབུད་ཤིང་མང་པོ་དགོས་སྟབས་རི་སྟེང་དུ་ཤིང་གཅོད་པར་འགྲོ་དགོས་ཀྱི་ཡོད། ལུང་ཤུར་དུ་ཤིང་མང་པོ་བཅད་པའི་དབང་གིས་ནགས་ཚལ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།
ཉེ་བའི་ལོ་ཤས་རིང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་བསྟུན་ནས་ཧྲུའེ་ཐི་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོས་འདོན་ཡི་གེ་སྦྱར་བ་དང་། སྐད་འཕྲིན་ཚོགས་པ་ནས་འབྲེལ་ཡོད་སྲིད་ཇུས་བསྐུར་བ། གྲོང་སྲོལ་དམངས་ཆིངས་ཚད་ལྡན་དུ་བཏང་བ། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པ་སོགས་ཀྱི་བྱེད་སྟངས་སྤྱད་པས། མང་ཚོགས་ཚོའི་རང་བྱུང་ལ་བརྩི་འཇོག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། དེ་དང་དུས་མཚུངས། ནགས་སྲུང་བ་དང་རྩྭ་ཐང་སྐོར་ཞིབ་པ་སོགས་ཀྱི་སྣོད་བཅུད་ལས་གནས་བཀོད་སྒྲིག་བྱས་ཏེ་ལུང་ཤུར་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྐོར་བཤེར་དང་ལྟ་འདོམས་ཀྱི་འགན་འཁུར་གྱི་ཡོད།
“1974ལོར་ཤང་དུ་ནགས་སྲུང་བ་ཡོད་པ་དང་། དེ་དུས་ལས་ཀ་གཙོ་བོ་ནི་རི་ལ་མེ་མི་ཤོར་བ་བྱེད་རྒྱུ་དེ་རེད། ད་ཆ་ཤང་ཡོངས་སུ་ནགས་སྲུང་བ་ཁྱོན་346ཡོད། ནགས་སྲུང་བ་ཕུད། ད་དུང་རྩྭ་ཐང་སྐོར་ཞིབ་པ་208དང་ཁོར་ཡུག་བཅོས་སྐྱོང་པ་53ཡོད”ཅེས་ངག་དབང་ཆོས་སྒྲོན་གྱིས་བཤད།
གཡས་རུ་ཤང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རི་བོ་ཆེ་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསྡུས་རིས་ཙམ་ཞིག་རེད། “འབྱུང་འགྱུར་ང་ཚོའི་རྫོང་འདི་ཉིད‘སྣོད་བཅུད་མཛེས་ལྗོངས་དང་། དམངས་སྲོལ་རིག་གནས། ཉམས་ལེན་ཟབ་མོ་བྱེད་པའི་སྤྲོ་གསེང་། ཆུ་ཚན་གྱི་བོད་ལུགས་ལུས་གསོ། ཕྱི་རོལ་མྱུལ་དཔྱད། མི་སྣ་ཉུང་ཤས་ཀྱི་ཡུལ་སྐོར’བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་དམིགས་སར་བསྐྲུན་རྒྱུ་ཡིན། སྐབས་དེ་དུས་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་རྫོང་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་ངེས་རེད”ཅེས་རྫོང་དེའི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།