དབུ་ཤོག>ཆེད་སྒྲིག
  • བོད་ཆས་སྤུས་དག་བཙེམས། བདེ་སྐྱིད་འཚོ་བ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-20

    ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གྲོང་དུ་སྨི་ངོས་གྲུ་བཅུ་ཕྲག་ལྷག་ཙམ་གྱི་བོད་ཆས་ཚོང་ཁང་ཞིག་ཡོད་ཅིང་། ཚོང་ཁང་དེའི་ནང་སྐུ་མགྲོན་ཚོས་རང་ཉིད་ཀྱི་བློ་ལ་བབས་པའི་བོད་ཆས་འདེམས་བཞིན་ཡོད་ལ། སྦྱིན་བདག་བཀྲ་ཤིས་ཚེ་མཚོ་ཡང་ཕར་རྒྱུག་ཚུར་རྒྱུག་གིས་ཚོང་གི་ལས་ལ་བྲེལ།

    “ང་ཚོའི་རྫོང་དུ་བཀྲ་ཤིས་ཚེ་མཚོའི་གཏམ་རྒྱུད་དང་ཁོང་གི་བོད་ཆས་ཚོང་ཁང་རྒྱུས་མངའ་མེད་མཁན་གཅིག་ཀྱང་མེད། ཁོང་གི་ཚོང་ཁང་གི་གྱོན་ཆས་སྤུས་ཀ་དག་པ་མ་ཟད། ད་དུང་བཟོ་ལྟ་ཡང་དཔེ་གསར་ཡིན་པས་ཚང་མས་དགའ་པོ་བྱེད་ཀྱི་འདུག”ཅེས་རྫོང་བུ་བཅོལ་ཁང་གི་དགེ་རྒན་གཡང་སྒྲོལ་གྱིས་གད་མོ་དགོད་བཞིན་བཤད།

    ལོ་30ལྷག་ཙམ་གྱི་གོང་དུ་བོད་ཆས་བཟོ་རྒྱུར་དགའ་ཞེན་ཆེ་བའི་བཀྲ་ཤིས་ཚེ་མཚོས་དང་ཐོག་ལས་སྣོན་ཁང་ཆུང་ཆུང་དང་། ཚོང་ཁང་ཆུང་ཆུང་། བཟོ་གྲྭ་བཅས་བཙུགས་པ་ནས་ཀུང་སི་བཙུགས་པའི་བར་དུ་དཀའ་བ་དུ་མ་སྤྱད། ཁོང་གིས་འབད་བརྩོན་ལྷོད་མེད་དང་རང་བརྟེན་གསར་གཏོད་ཀྱི་གཏམ་རྒྱུད་རྣམས་མི་སེར་ཚོས་རྒྱུན་དུ་གླེང་བའི་གཏམ་སྙན་ཞིག་ཏུ་གྱུར།

    ལས་གཏོད་ལམ་བུའི་ཐོག་དཀའ་བ་དུ་མ་སྤྱོད་མྱོང་བའི་བཀྲ་ཤིས་ཚེ་མཚོས་གཡུར་དུ་ཟ་བའི་གྲུབ་འབྲས་སྨིན་པའི་བདེ་སྐྱིད་ཚོར།

    “ཀུང་སིའི་མངགས་ཐོ་མང་པོ་འདུག ན་ནིང་ལོ་གཅིག་ཁོ་ནར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་90བྱུང”ཞེས་བཀྲ་ཤིས་ཚེ་མཚོས་དགའ་ཚོར་ཆེན་པོས་བརྗོད།

    བཀྲ་ཤིས་ཚེ་མཚོའི་བོད་ཆས་ཚོང་ཁང་གི་གྱོན་ཆས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་གང་ཡོད་དམ་ཞེ་ན།

    ཚོང་ཁང་གི་དཀྱིལ་དུ་སྒྲིག་གཤོམ་བྱས་པའི་སྐྱེས་པའི་བོད་བཟོའི་གྱོན་ཆས་དེ་ལྟ་སྣང་ཤིན་ཏུ་དོད་ཅིང་། དེས་མི་རྣམས་ལ་སྤུས་ཀ་དག་ལ་དཔེ་གསར་གྱི་ཚོར་སྣང་ཞིག་སྦྱིན།

    བཀྲ་ཤིས་ཚེ་མཚོས་གསར་འགོད་པར། བོད་ཆས་འཚེམ་སྐབས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་བྱེད་དགོས་པ་མ་ཟད། ད་དུང་སྲོལ་རྒྱུན་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་གསར་གཏོད་བྱས་ཏེ། སྲོལ་རྒྱུན་དང་དར་གསོ་གཉིས་ཀ་གལ་ཆེ་མཉམ་བརྩི་བྱེད་དགོས་ཀྱི་འདུག དེ་ལྟར་བྱུང་ཚེ་དུས་རབས་ཀྱི་གོམ་སྟབས་དང་མཐུན་ནས་སྤྱི་ཚོགས་ཀྱི་རྗེས་སུ་མི་ལུས་ཞེས་བརྗོད།

    སྲོལ་རྒྱུན་གྱི་ལག་རྩལ་གསར་སྒྱུར་བྱེད་པ་དང་ཆབས་ཅིག བཀྲ་ཤིས་ཚེ་མཚོས་ཡུལ་མི་དེ་བས་མང་བར་ཕྱུག་འགྱུར་ཡོང་བའི་ཁྲིད་སྟོན་བྱེད་རྒྱུ་བརྗེད་མེད་ཅིང་། གསོ་སྦྱོང་འཛིན་གྲྭ་ཐེངས་མང་འཚོགས་ནས་རང་ཉིད་ཀྱི་ཕྱུག་འགྱུར་འཇོན་ཐང་དགེ་ཕྲུག་ཚོར་སློབ་ཁྲིད་བྱས།

    བཀྲ་ཤིས་ཚེ་མཚོའི་དགེ་ཕྲུག་བཀྲ་ཤིས་ཆོས་སྒྲོན་ནི་ལག་རྩལ་ཡག་ཤོས་ཡིན་ཞིང་། དགེ་རྒན་བསྟེན་ནས་ལག་རྩལ་སྦྱོང་བའི་སྐོར་གླེང་སྐབས་བཀྲ་ཤིས་ཆོས་སྒྲོན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“2014ལོར་ང་གཡས་རུ་ཤང་ནས་རྫོང་གྲོང་དུ་གླ་པ་རྒྱུག་པར་ཡོང་བ་ཡིན། སྐབས་དེ་དུས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བྱུང་། བཀྲ་ཤིས་ཚེ་མཚོས་ངའི་གནས་ཚུལ་གོ་ཐོས་བྱུང་རྗེས་ང་རང་གྱོན་ཆས་བཟོ་གྲྭར་དགེ་ཕྲུག་ལ་ཉར་བྱུང་། གལ་སྲིད་ཁོང་མེད་ཚེ་ངའི་ད་ལྟའི་འཚོ་བ་གང་འདྲ་ཡིན་མིན་བརྗོད་པར་དཀའ”ཞེས་བརྗོད།

    བཀྲ་ཤིས་ཚེ་མཚོའི་མི་རིགས་གྱོན་ཆས་ལས་སྣོན་ཚད་ཡོད་འགན་འཁྲི་ཀུང་སིར་བཀྲ་ཤིས་ཆོས་སྒྲོན་དང་འདྲ་བའི་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ད་དུང་33ཡོད། ད་ཆ་ཁོང་ཚོས་བོད་ཆས་འཚེམ་རྩལ་ཤེས་པ་དང་ཆབས་ཅིག ཟླ་བ་མི་རེ་ངོ་རེར་གླ་ཆ་སྒོར་2400ཡས་མས་ཀྱང་ལེན་རྒྱུ་ཡོད། ད་དུང་ལོ་མཇུག་ཏུ་ཁེ་སྤོགས་བགོ་ཡི་ཡོད་པས་འཚོ་བ་སྔར་བས་ཇེ་ཡག་ཏུ་སོང་།

    དེས་མ་ཚད་བཀྲ་ཤིས་ཚེ་མཚོ་སྤྱི་ཕན་བྱ་གཞག་སྒྲུབ་འདོད་ཆེ་བའི་མི་ཞིག་ཀྱང་ཡིན་ཞིང་། ཁོང་གིས་ལོ་ལྟར་མི་ཧྲེང་རྒན་རྒོན་ལ་འཚམས་འདྲིར་བསྐྱོད་པ་དང་འབྲེལ། ཀུང་སིའི་ཁེ་སྤོགས་ནས་30%དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པར་སྤྱོད་ཀྱི་ཡོད།

    ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་གཏོང་བར་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བར་བརྟེན། ཁོང་རང་ཉིད་དང་ཁོང་གིས་གཉེར་སྐྱོང་བྱེད་པའི་ཀུང་སི་2015ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”དང་། རང་སྐྱོང་ལྗོངས་ཀྱི“གསུམ་བརྒྱད་དར་དམར་བ” 2015ལོའི་ཆབ་མདོ་གྲོང་ཁྱེར་གྱི་བུད་མེད་ཀྱི་ལས་གཏོད་ལས་ཞུགས་རྟེན་གཞི། 2018ལོའི་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་སྟོན་རྟེན་གཞི། 2018ལོའི་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་སྒྲིག་འཛུགས་གསར་གཏོད་ཀྱི་སྔོན་ཐོན་ཚན་པ་བཅས་སུ་སྔ་རྗེས་སུ་བདམས་ཐོན་བྱུང་བ་རེད།

    གོམ་སྟབས་རྗེས་མའི་འཆར་གཞིའི་སྐོར་གླེང་སྐབས། བཀྲ་ཤིས་ཚེ་མཚོས“ང་ཚོའི་ཀུང་སིར་བོད་ཆས་མངགས་ཉོ་བྱེད་མཁན་མང་པོ་འདུག དེས་ན་ཀུང་སིའི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།