ཉིན་ལྟར་གྱི་ཞོགས་པའི་ཆུ་ཚོད་དགུ་པ་མ་ཟིན་གོང་ཚེ་དཀར་ཆོས་གྲུབ་དུས་ཐོག་ཏུ་ཁོང་ཚོའི་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞིར་ཡོང་ནས་ཉིན་གཅིག་གི་འབྲི་གཡག་བདག་སྐྱོང་བྱེད་འགོ་ཚུགས།
གཡང་འཛོམས་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞིའི་འབྲི་གཡག་བདག་སྐྱོང་གི་ལས་ཀ་དེ་ཚེ་དཀར་ཆོས་གྲུབ་ཀྱི་ངོས་ནས་བརྗོད་ན་ཧ་ཅང་ལས་སླ་པོ་ཡིན། ཚེ་དཀར་ཆོས་གྲུབ་ཀྱིས“ང་ཚོའི་གྲོང་ཚོའི་ཕྲུ་གུས་ཆུང་དུས་ནས་ཕ་མ་དང་མཉམ་དུ་ཕྱུགས་འཚོ་ཡི་ཡོད་པས་ཧ་ཅང་ལས་སླ་པོ་ཡིན”ཞེས་འབྲི་གཡག་བདག་སྐྱོང་ཐད་དཀའ་ངལ་ཡོད་མེད་སྐོར་འདྲི་སྐབས་ཁོང་གིས་འཛུམ་དམུལ་དམུལ་ངང་བཤད།
ཚེ་དཀར་ཆོས་གྲུབ་ཀྱིས“འདི་གར་འབྲི་གཡག་བདག་སྐྱོང་བྱེད་པར་ལག་རྩལ་ཏོག་ཙམ་ཤེས་དགོས། རྒྱགས་གསོའི་རྟེན་གཞིའི་འབྲི་གཡག་ཚང་མ་ང་ཚོས་ལྟ་སྐྱོང་ཞིབ་ཚགས་བྱས་པ་ཤ་སྟག་ཡིན་པས་ང་ཚོས་ཆུང་དུས་ཕྱུགས་འཚོ་བ་དང་གཏན་ནས་འདྲ་ཡི་མེད། ཕྱུགས་ཚང་རྒྱ་ཆེ་ལ་རླུང་འགྲོ་དང་དྲོད་སྲུང་ཡག་པོ་ཡོད་དགོས་པའི་ཐོག་ཆུ་སྣོད་དང་གཟན་ཆག་གི་སྣོད་ལོགས་སུ་འཇོག་དགོས། དེ་ལྟར་བྱས་ཚེ་འཐུང་ཆུ་བདེ་འཇགས་ཡོང་ཐུབ་པ་མ་ཟད་ད་དུང་དུས་བཀག་ལྟར་དུག་སེལ་ཡང་བྱེད་ཐུབ། གསར་དུ་ཉོས་པའི་འབྲི་གཡག་ལ་ད་དུང་ལོགས་འཇོག་ལྟ་ཞིབ་ཀྱང་བྱས་ནས་དང་དོད་ཧ་ཅང་ཆེན་པོ་བྱེད་དགོས་ཀྱི་ཡོད”ཅེས་བཤད།
2018ལོའི་ཟླ་7པར། གྲོང་ཚོའི་ལས་བྱེད་པས་ཁ་ཏ་བསླབ་བྱ་བྱས་པར་བརྟེན་ནས། ཉི་མ་གང་འཁྱོལ་བྱེད་པའི་ཚེ་དཀར་ཆོས་གྲུབ་ལ་གཡང་འཛོམས་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞིར་གསོ་ཚགས་ཀྱི་ལས་ཀ་ཞིག་རག་པ་དང་། ཟླ་རེར་གླ་ཆ་སྒོར་2300ལེན་རྒྱུ་ཡོད་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངོས་ནས་བརྗོད་ན་ཡོང་འབབ་མི་ཉུང་བ་ཞིག་རེད།
ཐོག་མའི་དུས་སུ་ལོ་19ལ་སླེབས་པའི་ཚེ་དཀར་ཆོས་གྲུབ་འབྲི་གཡག་བདག་སྐྱོང་གི་ལས་ལ་དེ་ཙམ་དགའ་པོ་མེད། ཁོང་གིས། རྒྱགས་གསོའི་རྟེན་གཞི་ཡང་སྲོལ་རྒྱུན་གྱི་འབྲོག་ལས་དང་འདྲ་བར་ཚང་མ་གནམ་ཆུར་བརྟེན་ནས་གསོ་བ་དང་། རགས་ལས་གཉེར་སྐྱོང་། དུས་ཡུན་རིང་བ། ཕན་འབྲས་ཆུང་བ་བཅས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གིས་རིམས་འགོག་ཁང་དང་། དུག་སེལ་ཁང་། དུག་སེལ་རྫིང་བུ་བཅས་མཐོང་སྐབས་རྦད་དེ་བསམ་ཡུལ་ལས་འདས། “སྒྲིག་ཆས་དེ་དག་ངས་སྔོན་ཆད་རྩ་བ་ནས་མཐོང་མྱོང་མེད། ལག་རྩལ་པས་སྒྲིག་ཆས་དེ་དག་བེད་སྤྱོད་ཡང་དག་བྱས་ཚེ་འབྲི་གཡག་གི་གཟུགས་པོའི་མངོན་མེད་ནད་དུག་སེལ་བ་དང་རིམས་ནད་སྔོན་འགོག་ཐུབ་སྟེ་འབྲི་གཡག་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱེད་ཐུབ་བཅས་ཤོད་ཀྱི་འདུག་མ་གཞི་ངས་ནང་དོན་གང་ཞིག་ཤོད་མིན་གསལ་པོ་ཞིག་མ་ཤེས་ཀྱང་དེ་ནས་བཟུང་ང་ལས་ཀ་དེར་དགའ་ཞེན་སྐྱེས་བྱུང”ཞེས་བཤད།
བདག་སྐྱོང་པའི་གསོ་སྤེལ་གྱི་ལག་རྩལ་བྱང་ཆུབ་དུ་གཏོང་ཆེད། རྟེན་གཞིས་ཆེད་མངགས་ལག་རྩལ་མི་སྣ་གདན་དྲངས་ནས་ཁོང་ཚོར་གསོ་སྦྱོང་བྱས་པ་རེད།
གཡང་འཛོམས་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞི་2018ལོའི་ཟླ་6པའི་ཟླ་མཇུག་ཏུ་དངོས་སུ་སྤྱོད་འགོ་ཚུགས་པ་དང་རྒྱ་ཁྱོན་མུའུ་163.8ཟིན་པ་དེའི་ནང་རྒྱགས་གསོའི་འབྲི་གཡག་མགོ་གྲངས་600ཤོང་ཐུབ། རྟེན་གཞིར་གཙོ་བོ་འབྲི་གཡག་རྒྱགས་གསོའི་ཕྱུགས་ཚང་དང་། གཟན་རྩྭ་དང་གཟན་ཆག་མཛོད་ཁང་། དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ གཟན་རྩྭ་དང་གཟན་ཆག་འདེབས་འཛུགས། འབྲི་གཡག་རྒྱགས་གསོ་སོགས་ཚུད་ཡོད། མིག་སྔར་རྟེན་གཞི་དེ་གཡང་འཛོམས་གྲོང་ཚོའི་དབན་རུའེ་འདེབས་འཛུགས་གསོ་ཚགས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་གཉེར་སྐྱོང་གི་འགན་འཁུར་གྱི་ཡོད་པ་དང་། མཉམ་ལས་ཁང་དུ་ཞུགས་མཁན་མང་ཚོགས་153ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་107ཡོད་པ་རེད།
ཚེ་དཀར་ཆོས་གྲུབ་ཀྱི་ཁྱིམ་ཚང་ཡང་མཉམ་ལས་ཁང་གི་ཁོངས་མིའི་གྲས་ཤིག་རེད། 2018ལོར་ཁོང་ཚོའི་ཁྱིམ་ཚང་གིས་ཚོད་ལྟའི་ཚུལ་དུ་འབྲི་གཡག་མགོ་གྲངས་3མ་རྐང་ནང་བཞག་ཡོད། ཚེ་དཀར་ཆོས་གྲུབ་ཀྱི་ཟླ་རེའི་གླ་ཆ་ཕུད་ལོ་གཉིས་པར་ཁོང་གི་ཁྱིམ་ཚང་ལ་ད་དུང་ཡོང་འབབ་སྒོར་2500བགོ་བཤའ་ཐོབ་ནས་ཁྱིམ་ཚང་གི་འཚོ་བ་དེ་བས་ཡག་ཏུ་ཕྱིན།
“གཡང་འཛོམས་གྲོང་ཚོའི་འབྲི་གཡག་རྒྱགས་གསོའི་རྟེན་གཞིས་འབྲི་གཡག་གི་ཐོན་ཁུངས་ལེགས་ཆར་གཞི་བཙུགས་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཐོན་ལས་ཀྱི་བྱེད་པོ་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་ཤུགས་ཆེན་བཏང་བ་དང་། རྒྱགས་གསོ་དང་ཐོན་ཚོང་གཞི་གཅིག་གི་གཉེར་སྐྱོང་བྱེད་སྟངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 2020ལོར་སྔོན་དཔག་ལྟར་ན། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་4500ཡན་ཡོང་རྒྱུ་རེད”ཅེས་བེའུ་མདའ་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་ཆོས་གྲགས་ཀྱིས་འབྲི་གཡག་རྒྱགས་གསོའི་རྟེན་གཞིར་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་གིས་རྟེན་གཞིས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཕུགས་འདུན་མངོན་འགྱུར་ཐུབ་པའི་ཡིད་ཆེས་བྱེད་ཀྱི་འདུག