དབུ་ཤོག>ཆེད་སྒྲིག
  • ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་ལམ་བུ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-19

    དབང་པོ་སྐྱོན་ཅན་34ཡི་སྣེ་ཁྲིད་དེ་འབབ་འཕར་ཡོང་བ་བྱས་པ་དང་། དབང་པོ་སྐྱོན་ཅན་23གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.8བྱུང་ཡོད།

    འདི་ནི་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་མེ་རྡོ་གྲོང་ཚོའི་ཡར་འབྲོག་དམངས་ཕན་དབང་པོ་སྐྱོན་ཅན་འཚེམ་བཟོ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་རིག་འཛིན་རྡོ་རྗེའི་ལོ་གསུམ་རིང་གི་ལས་རྗེས་རེད།

    ཏང་ཡོན་ཞིག་གི་ངོས་ནས་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་དམིགས་ཡུལ་མ་བརྗེད་པར་སེམས་ནུས་ཡོད་རྒུས་མི་དམངས་ལ་ཞབས་འདེགས་ཞུ་ཡི་ཡོད་ཅིང་། “80ནང་སྐྱེས”ཀྱི་ཁོང་ལ་བྱ་གཞག་ཡག་པོ་བསྒྲུབས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་རོགས་རམ་བྱེད་པའི་སེམས་ཤུགས་ཆེན་པོ་ལྡན་ཡོད་པ་རེད།

    2017ལོར་རིག་འཛིན་རྡོ་རྗེས་གྲོང་ཚོ་དེ་གའི་དབང་པོ་སྐྱོན་ཅན་གྱི་སྣེ་ཁྲིད་དེ་ལས་གཏོད་བྱས་པ་དང་། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ“དབུལ་ཞྭ”ཕུད་པ་རེད།

    རིག་འཛིན་རྡོ་རྗེ་གནས་སའི་མེ་རྡོ་གྲོང་ཚོར་ས་བབ་སྨི་4500ཙམ་ཡོད། དབྱར་གྱི་དུས་སུ་མེ་རྡོ་གྲོང་ཚོའི་རྩྭ་ཐང་ཐོག་མེ་ཏོག་རྣམ་པར་བཀྲ་བས་ཡུལ་ལྗོངས་ཤིན་ཏུ་མཛེས། ཡིན་ནའང་། དེས་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་མེད།

    “ཁོང་ཚོ་དབང་པོ་སྐྱོན་ཅན་ཡིན་པའི་དབང་གིས་འབབ་འཕར་ཐབས་ལམ་ཡངས་པོ་མེད་པར་བརྟེན་འཚོ་བ་སྐྱོ་ཙམ་ཡོད། དབང་པོ་སྐྱོན་ཅན་དེ་དག་ལ་དཀའ་ངལ་འཕྲད་པ་མཐོང་སྐབས། ཁོང་ཚོར་རོགས་རམ་བྱ་རྒྱུའི་བསམ་བློ་མང་པོ་འཁོར་གྱི་འདུག”ཅེས་རིག་འཛིན་རྡོ་རྗེས་བཤད།

    མེ་རྡོ་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་། མང་ཚོགས་མང་ཆེ་བས་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ཕྱུགས་འཚོ་བའི་བར་གསེང་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་བལ་ལས་བྱེད་ཀྱི་ཡོད་ལ། བལ་ལས་ལ་འཇོན་པའི་མི་སྣ་མང་པོ་ཡོད། རིག་འཛིན་རྡོ་རྗེར་མང་ཚོགས་ཀྱི་ལེགས་ཆ་དེ་སྤྱད་དེ་འཚེམ་བཟོའི་ཀུང་སི་ཞིག་གཉེར་ན། མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་དཔལ་འབྱོར་གྱི་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་རེད་སྙམ་པའི་བསམ་བློ་འཁོར།

    2017ལོའི་ཟླ་7པར། ཡར་འབྲོག་དམངས་ཕན་དབང་པོ་སྐྱོན་ཅན་འཚེམ་བཟོ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས། ཀུང་སིའི་མིང་ལ་དམངས་ཕན་ཞེས་འདོགས་དགོས་དོན་ནི་རང་ཉིད་ལ་ཕན་པ་མ་ཟད་སྐུ་མགྲོན་ལའང་ཕན་པའི་དོན་ཡིན། ཀུང་སིས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གུར་དང་། སྒོ་ཡོལ། ཁ་གདན། ཐོག་རས་སོགས་གཙོ་བོར་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་མིག་སྔར་དཔལ་འབྱོར་ཕན་འབྲས་ཡག་པོ་ཡོད་ཅེས་རིག་འཛིན་རྡོ་རྗེས་བཤད།

    ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་ཡོང་ཆེད། རིག་འཛིན་རྡོ་རྗེས་ལག་རྩལ་པ་གཉིས་གདན་དྲངས་ནས་ཀུང་སིའི་ལས་མིར་དུས་ཡུན་ཟླ་བ་3གྱི་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་མཇུག་འགྲིལ་རྗེས་ཀུང་སིས་ད་དུང་གསོ་སྦྱོང་བྱེད་མཁན་ལ་མལ་ཆས་སོགས་འཚོ་བའི་མཁོ་ཆས་སྤྲད་དེ་ཚང་མའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ན་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པའི་ཁོང་ཚོའི་ཡིད་ཆེས་འཕེལ།

    གྲོང་ཚོ་དེ་གའི་མང་ཚོགས་ཚེ་རིང་དངོས་གྲུབ་ནི་འོན་ལྐུགས་ཤིག་རེད། མ་གཞི་དབང་པོ་སྐྱོན་ཅན་ཡིན་རུང་ལས་ཀ་འཇོན་པོ་ཡོད་པ་རེད། རིག་འཛིན་རྡོ་རྗེས་གསར་འགོད་པར། ད་ཆ་ཚེ་རིང་དངོས་གྲུབ་ལ་ཟླ་རེར་ཡོང་འབབ་སྒོར་4500ལེན་རྒྱུ་ཡོད་པ་དང་ཡོང་འབབ་དེ་དག་ལ་བརྟེན་ནས་ཁོ་པ་དབུལ་སྒྲོལ་ཐུབ་ཡོད་ལ་འཚོ་བའི་ཆ་རྐྱེན་ཡང་དེ་སྔོན་ལས་ཡག་ཏུ་ཕྱིན་ཡོད་ཅེས་བཤད།

    མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་བརྟན་པོ་ཞིག་འཛུགས་ཐུབ་ཆེད། རིག་འཛིན་རྡོ་རྗེས་ཀུང་སིས་ཐོན་སྐྱེད་བྱས་པའི་སྒོ་ཡོལ་ཐོག་ལས་མི་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་འཚེམ་དུ་བཅུག་ཡོད། སྒོ་ཡོལ་དེ་དག་བཙོངས་རྗེས་མི་དེ་བས་མང་བར་དཔལ་འབྱོར་དང་བསམ་བློའི་ཐད་གཉིས་ཀ་ཡར་རྒྱས་ཡོང་བ་བྱེད་དགོས་པའི་ཐད་དུས་དང་རྣམ་པ་ཀུན་ཏུ་དྲན་སྐུལ་ཐུབ་ཡོད་པ་རེད།

    “རང་ཉིད་གཅིག་པུ་མི་བསམ་པར། མི་གཞན་ལའང་བསམ་བློ་གཏོང་ཐུབ་པ་དགོས། དེ་ལྟར་བྱས་ཚེ་མི་ཚེར་དོན་སྙིང་ལྡན”ལོ་དེ་དག་རིང་རིག་འཛིན་རྡོ་རྗེ་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བས་གང་སར་སྐད་གྲགས་ཆོད་ཡོད་པ་རེད།

    2018ལོའི་དགུན་དུས་སུ་གངས་མང་པོ་རྒྱུན་མཐུད་ནས་འབབ་པའི་རྐྱེན་གྱིས་མེ་རྡོ་གྲོང་ཚོའི་མང་ཚོགས་ཁག་གཅིག་ལ་གནོད་འཚེ་ཕོག་ཡོད། དེར་བརྟེན་རིག་འཛིན་རྡོ་རྗེས་གཟན་ཆག་སྤྱི་རྒྱ་4400ཉོས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་ནས་ཁོང་ཚོ་དཀའ་གནད་ལས་སྒྲོལ་རོགས་བྱས་པ་རེད།

    “གོམ་སྟབས་རྗེས་མར། ང་ཚོས་ཁྲོམ་ར་སྔར་བས་གསར་འབྱེད་དང་། ཐོན་ནུས་མཐོ་རུ་བཏང་ནས་མང་ཚོགས་དེ་བས་མང་བ་ཕྱུག་པོ་ཆགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་རིག་འཛིན་རྡོ་རྗེས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།