དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་སྒང་ག་གྲོང་ཚོས་འཕེལ་རྒྱས་ཀྱི་སྒོ་མོ་གསར་པ་འབྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝང་ཧྲུའུ་དང་ཅ་ཧྭ་ཅ་ཡིས།   |     སྤེལ་དུས།  2020-07-19

    ◆ སྒང་ག་གྲོང་ཚོར་ད་ཆ་ཞིང་འབྲོག་པ་དུད་ཚང་64ཡི་མི་གྲངས་283ཡོད། 2019ལོར། སྒང་ག་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་631.2ཟིན་པ་དང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་2.23ཟིན་ཡོད།

    ◆ གྲོང་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་ཞིང་འབྲོག་ལས་ཐོན་སྐྱེད་དང་། ས་ཞིང་ནང་བཤུག རིགས་ཁག་གི་དམངས་ཕན་སྲིད་ཇུས་ཀྱི་ཁ་གསབ། ལས་མི་རྒྱུག་པ་སོགས་རེད། སྒང་ག་གྲོང་ཚོའི་གྲོང་མི་ད་ལྟ་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པར་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། 

    ◆ ཞིང་དུད་ལ་ས་ཞིང་མུའུ་287ནང་བཤུག་གཏོང་བར་ཁྲིད་སྟོན་བྱས་ནས། 2019ལོར་གྲོང་ཚོའི་མཉམ་སྡེབ་ལ་རིམ་རྩིས་བྱས་ན། ཡོང་འབབ་སྒོར་ཁྲི་30བྱུང་བ་དང་ཞིང་དུད་ལ་འབབ་འཕར་སྒོར་ཁྲི་37.16བྱུང་ཡོད།

    འགྲོ་ལམ་ཤར་གཏོང་ཐུབ་པ་དང་། སྡོད་ཁང་གསར་པ་བརྒྱབ་པ། གྲོང་སྡེ་མཛེས་སྡུག་ལྡན་པ་སོགས་ལོ་དེ་དག་རིང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་སྒང་ག་གྲོང་ཚོ་འབྱོར་འབྲིང་ལམ་བུར་སྐྱོད་བཞིན་ཡོད།

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་བྱང་ཤར་མཚམས་སུ་གནས་པའི་སྒང་ག་གྲོང་ཚོ་ནི་ཆབ་ནག་ཤང་གི་ཁོངས་སུ་གཏོགས་པ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་20ཡོད། ད་ལྟ་ཞིང་འབྲོག་པ་དུད་ཚང་64དང་མི་གྲངས་283ཡོད། 2019ལོར་སྒང་ག་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི་631.2ཟིན་པ་དང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་2.23ཟིན་ཡོད་པ་རེད།

    གྲོང་ཚོའི་ཀྲུའུ་རེན་པ་སངས་བཀྲ་ཤིས་ཀྱིས། “གྲོང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ཞིང་འབྲོག་ལས་ཐོན་སྐྱེད་དང་། ས་ཞིང་ནང་བཤུག རིགས་ཁག་གི་དམངས་ཕན་སྲིད་ཇུས་ཀྱི་ཁ་གསབ། ལས་མི་རྒྱུག་པ་སོགས་རེད། ད་ཆ་སྒང་ག་གྲོང་ཚོའི་གྲོང་མི་ཚོ་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པར་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད”ཅེས་བཤད།

    ད་ཆ་སྒང་ག་གྲོང་ཚོར་འདོན་འཇུག་འཕྲུལ་འཁོར་དང་། སྔོག་འདོན་འཕྲུལ་འཁོར། སྐྱེལ་འདྲེན་རླངས་འཁོར་སོགས་བཟོ་སྐྲུན་འཕྲུལ་ཆས་གང་སར་མཐོང་རྒྱུ་ཡོད། པ་སངས་བཀྲ་ཤིས་ཀྱིས“ལོ་འདི་དག་ནང་གྲོང་མི་ཚོས་མཐའ་འཁོར་གྱི་འགྲོ་ལམ་མཁྲེགས་འགྱུར་དང་སྨན་གླིང་གནམ་ཐང་སོགས་ལས་གྲྭ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས། གྲོང་ཚོའི་འཕྲུལ་འཁོར་50ལྷག་ཙམ་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་ཡོད། རྣམ་གྲངས་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྟེན་ནས་གྲོང་མི་མང་པོ་ཞིག་འབབ་འཕར་ཕྱུག་འགྱུར་བྱུང་ཡོད”ཅེས་ངོ་སྤྲོད་བྱས།

    ས་ཞིང་ནི་དུད་ཚང་དབུལ་པོའི་གཞི་རྩའི་ཡོང་འབབ་ཀྱི་རྟེན་གཞི་ཡིན། སྒང་ག་གྲོང་ཚོས་ས་བབ་ཀྱི་ཁྱད་འཕགས་རང་བཞིན་ལ་བརྟེན་ནས་རྒྱུན་ཆད་མེད་པར་ཁེ་ལས་ནང་འདྲེན་བྱས་པ་མ་ཟད། ས་ཞིང་བརྒྱུད་བཤུག་གཏོང་བའི་ཁེ་སྤོགས་ཀྱི་སྲིད་ཇུས་གང་ལེགས་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་ས་ཞིང་མུའུ་263བརྒྱུད་བཤུག་བཏང་བ་དང་ཞིང་དུད་ལ་ས་ཞིང་མུའུ་287བརྒྱུད་བཤུག་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད། 2019ལོར་གྲོང་ཚོའི་མཉམ་སྡེབ་ལ་རིམ་རྩིས་བྱས་ན། ཡོང་འབབ་སྒོར་ཁྲི་30བྱུང་བ་དང་ཞིང་དུད་ལ་འབབ་འཕར་སྒོར་ཁྲི་37.16བྱུང་བ་རེད།

    གྲོང་མི་ཕུར་བུ་ཚེ་རིང་གིས། ས་ཞིང་མུའུ་5འབྲེལ་ཡོད་ཁེ་ལས་དང་ཚན་པར་སྡོང་ཕྲུག་ར་བ་དང་འབྲས་ཤིང་འདེབས་རྒྱུར་བརྒྱུད་བཤུག་བཏང་ཡོད། ཕུར་བུ་ཚེ་རིང་གིས“བརྒྱུད་བཤུག་བཏང་བའི་ས་ཆའི་གྲོན་དངུལ་ལོ་ཏོག་བཏབ་པའི་ཡོང་འབབ་ལས་ཧ་ཅང་གིས་མང་བ་འདུག་ལ་ད་དུང་སྡོང་ཕྲུག་ར་བའི་རྟེན་གཞི་སོགས་སུ་ལས་ཀར་བསྐྱོད་ནས་ཡོང་འབབ་མང་དུ་གཏོང་ཐུབ་ཀྱི་འདུག”ཅེས་བཤད། ད་ཆ་ཕུར་བུ་ཚེ་རིང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་མ་ཟད། ད་དུང་ཆེད་ལས་ཀྱི་འདེབས་འཛུགས་ལག་རྩལ་ཡང་སྦྱོང་ཐུབ་ཡོད། ཁོང་གིས“ངས་ཀུ་ཤུའི་སྡོང་པོ་བརྒྱ་ལྷག་ཙམ་བཙུགས་ཡོད”ཅེས་བཤད།

    མིག་སྔར། སྒང་ག་གྲོང་ཚོའི་གྲོང་མིས་རྒུན་འབྲུམ་དང་ཀུ་ཤུ་སོགས་དཔལ་འབྱོར་སྐྱེ་དངོས་མང་པོ་ཚོད་འདེབས་བྱས་ཡོད། “སྒང་ག་གྲོང་ཚོའི་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་ཐོན་ཁུངས་བཟང་བས་ང་ཚོས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་དཔལ་འབྱོར་སྐྱེ་དངོས་ཀྱི་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན”ཞེས་འབྱོར་འབྲིང་མངོན་འགྱུར་བྱུང་བའི་འཚོ་བ་གསར་པར་པ་སངས་བཀྲ་ཤིས་དང་གྲོང་མི་ཚོས་ཡིད་ཆེས་དང་རེ་བས་ཁེངས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།