དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་རྒྱང་སྐྱོད་ཀྱི་ལམ་བུར་ལྷ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་དང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་པ་སངས་དབང་འདུས་ཀྱིས་འཐབ་ས་དང་པོར་རྟོག་ཞིབ་དང་། འཐབ་ས་དང་པོར་ལག་ལེན་བཀོལ་སྤྱོད། འཐབ་ས་དང་པོར་སྣེ་ཁྲིད་དཔེ་སྟོན་བཅས་བྱས་ཏེ། མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱས་ནས་བོད་བྱ་གསོ་ཚགས་ཐོན་ལས་དང་ཇོ་མོ་གླང་མའི་བོད་ལུག་ཐོན་ལས་ཕྱུག་འགྱུར་ལམ་བུ་བཏོད་པས་མང་ཚོགས་ཀྱི་གཉེན་ཉེར་གྱུར་པ་མ་ཟད། མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཐོབ་ཡོད་པ་རེད།
ཡུལ་བབ་དང་བསྟུན་ནས་འཆར་གཞི་གསར་པ་བཀོད།
2016ལོར་ཁྲེན་ཀང་གིས་ལྷ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་མ་ཐག་ལྷ་རྩེ་རྫོང་གི་ཤང་གྲོང་11ཏུ་བསྐྱོད་པ་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་བཅར་འདྲི་དང་བརྟག་དཔྱད་རྒྱ་ཁྱབ་བྱས་ཏེ། མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བའི་བྱེད་ཐབས་འཚོལ་ཞིབ་བྱས་པ་རེད།
ལྷ་རྩེ་རྫོང་ལ་སྔར་ནས་བཟུང་བོད་བྱ་དང་བོད་ལུག་གསོ་ཚགས་བྱེད་པའི་གོམས་གཤིས་ཡོད་ཅིང་། བོད་བྱ་དང་བོད་ལུག་ཐོན་ལས་འཕེལ་རྒྱས་གཏོང་བར་ཡུལ་བབ་ཀྱི་ཆ་རྐྱེན་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཁྲོམ་རའི་དགོས་མཁོ་བཅས་ལྡན་པ་མ་ཟད། མི་སེར་ཚོ་ཡང་རང་ས་རང་ཡུལ་ནས་འབྲལ་མི་དགོས་པར་ཐོན་ལས་འཁོར་སྦྲེལ་ནང་ཞུགས་པ་དང་ཁེ་ཕན་གྱི་འཁོར་སྦྲེལ་མཉམ་སྤྱོད་ཐུབ་ལ། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པས་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་པོ་ཡོད།
ཡིན་ནའང་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཞན་པ། ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་ཞན་པ་སོགས་ནི་ཐོན་ལས་དབུལ་སྐྱོར་ལས་དོན་འགོ་བཙུགས་མ་ཐག་གི་ཞན་ཆ་རེད།
རྩེ་རིམ་ཇུས་བཀོད་དང་ལམ་ལུགས་བཀོད་སྒྲིག་ཡག་པོ་བྱས་ནས་ལྷ་རྩེའི་ཁྱད་ཆོས་ཟབ་མོ་ལྡན་པའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་ཇི་ལྟར་སྐྱོད་དགོས་སམ། ལྷ་རྩེ་རྫོང་གིས་བསམ་ཕྱོགས་གསར་གཏོད་དང་བློ་བསྡུས་དགེ་འཚོལ་བྱས་མཐར་ཁུལ་ཁོངས་ཅན་གྱི་བཀོད་སྒྲིག་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས། ཚད་ལྡན་ཅན་གྱི་ཐོན་སྐྱེད། སྤུས་རྟགས་ཅན་གྱི་ཚོང་གཉེར་བཅས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་བྱེད་ཐབས་བཏོད་པ་རེད།
གཞན་གྱི་སྔོན་དུ་གནམ་ས་གསར་པ་བཏོད།
དུས་ཚོད་ཀྱིས་མི་སྒུག་མི་སྲིད། 2016ལོའི་ཟླ་6པར་ལྷ་རྩེ་རྫོང་གིས་ལྷ་རྩེ་གྲོང་རྡལ་གྱི་བོད་བྱ་གསོ་ཚགས་ར་བའི་བོད་བྱ་8000ལྷག་ཙམ་ཁ་འགྲེམས་གསོ་ཚགས་ཀྱི་ཐབས་ལམ་སྤྱད་དེ་ཤང་གྲོང་4ཡི་འདོད་མོས་ཡོད་པ་དང་ཉམས་མྱོང་ལྡན་པའི་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་ཚགས་བྱེད་པར་རྩིས་སྤྲད་པ་མ་ཟད། མང་ཚོགས་ཀྱི་ལག་ནས་ཉོས་པའི་བོད་བྱའི་སྒོ་ང་6000དེ་དག་སྲོལ་རྒྱུན་གྱི་སྙོལ་སྟངས་ལ་བརྟེན་ནས་སྐྱོང་གསོ་བྱས་པ་རེད།
བོད་བྱ་གསོ་ཚགས་ལ་ཞུགས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བཀྲ་ཤིས་ད་ཆ“བྱ་གསོ་མཁས་པ”དང་བསྟན་ཉི་བོད་བྱ་གསོ་ཚགས་མཉམ་ལས་ཁང་གི་འགན་འཁུར་བར་གྱུར་ཞིང་། གསོ་ཚགས་ཀྱི་གཞི་ཁྱོན་ཡང་བྱ་དེ་ཁྲི་3000ཟིན་ནས་2019ལོར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་བ་མ་ཟད། གྲོང་ཚོ་དེ་གའི་དུད་ཚང་20ཡི་མང་ཚོགས་68ཀྱི་འབབ་འཕར་ལ་སྣེ་ཁྲིད་ཐུབ་ཡོད།
མིག་སྔར་ལྷ་རྩེ་རྫོང་གི་བོད་བྱ་གསོ་ཚགས་ནས་དུད་ཚང་1729ཡི་མང་ཚོགས་10510འབབ་འཕར་ཕྱུག་འགྱུར་ཐུབ་ཡོད་པ་རེད།
ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་གསོན་ཤུགས་གསར་པ་འཕེལ་བར་བྱས།
པ་སངས་དབང་འདུས་ཀྱིས་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལ་ཞན་ཆ་ཆེན་པོ་ལྡན་པ་གསལ་པོ་ཤེས་ཀྱི་ཡོད་དེ། ནོར་ལུག་མང་པོ“དབྱར་ཁ་འགྲང་ཤིང་སྟོན་ཁ་རྒྱགས་པ་དགུན་ཁ་རིད་པ”དང་། རྩྭ་ར་ཉམས་པ་དང་། ཕྱུགས་རིགས་ཀྱི་གྲུབ་ཆ་རྐྱང་པ་ཡིན་པ། འབྲོག་ལས་ཀྱི་ཕན་འབྲས་དམའ་བ་སོགས་ཀྱི་ཞན་ཆ་ལྡན།
པ་སངས་དབང་འདུས་ཀྱིས་གསར་འགོད་པར་ཞན་ཆ་དེ་དག་སེལ་དགོས་ན། ངེས་པར་དུ་དུད་ཚང་ཚན་པར་བྱས་པའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལ་འགྱུར་ལྡོག་བཏང་ནས། “ཚན་རིག་དང་མཐུན་པའི་ངང་ཁག་བགོས་དང་། ཚན་རིག་དང་མཐུན་པའི་ངང་གསོ་ཚགས། ཚན་རིག་དང་མཐུན་པའི་ངང་རིམས་འགོག ཚན་རིག་དང་མཐུན་པའི་ངང་བཤས་གཏོང”བཅས་ཀྱི་གསོ་ཚགས་བྱེད་ཐབས་ལག་བསྟར་བྱས་ནས“མ་མོའི་དཔལ་འབྱོར”དང“ལུག་ཕྲུག་གི་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་བརྗོད་བྱུང་།
པ་སངས་དབང་འདུས་ཀྱིས་གལ་ཏེ་སྟབས་བདེའི་སྒོ་ནས་མཉམ་ལས་ཁང་གི་ལུག་གི་གྲངས་འབོར་མང་དུ་བཏང་ཚེ། མང་ཚོགས་ཀྱིས་དེའི་དོན་སྙིང་རྟོགས་མི་ཐུབ་པ་མ་ཟད། གྲངས་འབོར་འཕར་བ་དེར་ཡང་མང་ཚོགས་ཡིད་ཆེས་དཀའ་བས། མང་ཚོགས་ཀྱིས་ལུག་གསོ་མཉམ་ལས་ཁང་གི་སྣོད་བཅུད་ཕན་འབྲས་དང་གཞི་ཁྱོན་ཕན་འབྲས་གསལ་པོར་རྟོགས་ཚེ། མང་ཚོགས་ཚོའི་བསམ་བློའི་འདུ་ཤེས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་འགྲོ་ཐུབ་པ་དང་རྩིས་ཁྲའི་རྩིས་གསལ་པོ་བྱུང་ཚེ་མང་ཚོགས་རྣམས་མཉམ་ལས་ཀྱི་མ་རྐང་ལ་ཞུགས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཕན་འབྲས་ཀྱི་རྩིས་གསལ་པོ་བརྒྱབ་རྗེས་མང་ཚོགས་མཉམ་ལས་ཁང་ལ་ཧུར་ཐག་ཞུགས་པ་དང་། ད་ཆ་རྫོང་ཡོངས་སུ་ལུག་གསོ་མཉམ་ལས་ཁང་31ཡོད་པ་དང་ཤང་གྲོང་ཁག་གི་ལུག་གསོ་མཉམ་ལས་ཁང་ཡང་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།