ཆུ་བོ་རིའི་རི་གཤམ་དང་ཡར་ཀླུང་གཙང་པོའི་འགྲམ་དུ་རོལ་རྩེད་དང་བཟའ་བཏུང་གཅིག་ཏུ་བསྡུས་པའི་སོས་དལ་སྤྲོ་གསེང་གླིང་ཞིག་ཡོད། སྤྲོ་གསེང་གླིང་དེའི་སྦྱིན་བདག་ནི་བཀྲ་ཤིས་དང་མིག་དམར་དབྱངས་ཅན་རེད། གཟའ་མཇུག་དང་། དུས་ཆེན། གུང་གསེང་ཉིན་མོ་བཅས་སུ་སྤྲོ་གསེང་གླིང་གི་སྒོ་འགྲམ་དུ་རླངས་འཁོར་དང་མི་ཚོགས་ཀྱིས་ཁེངས་ཤིང་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
བཀྲ་ཤིས་དང་མིག་དམར་དབྱངས་ཅན་བཟའ་ཚོ་གཉིས་པོས་སྐུ་མགྲོན་ཚང་མར་རང་ཉིད་ཀྱི་གྲོགས་པོ་ལྟར་སྣེ་ལེན་ཞུ་གི་ཡོད་པས། དགའ་ཉེ་སྤུན་མཆེད་མཉམ་དུ་འཛོམས་པའི་ཚོར་སྣང་ཞིག་སྟེར་ཅིང་། དེ་གར་འགྲིམ་འགྲུལ་སྟབས་བདེ་ལ་འགྲོ་ལམ་ཡང་ཡག་པོ་ཡོད་པས། ཁོང་གཉིས་ཀྱི་སྤྲོ་གསེང་གླིང་དེ་ས་གནས་དེ་གའི་གྲོང་མི་སྤྲོ་གསེང་དུ་སྐྱོད་ཡུལ་ལེགས་ཤོས་ཤིག་ལ་གྱུར་ནས་ཉིན་ལྟར་མི་ཡི་རྒྱུན་ཆད་རྒྱུ་མེད་པ་རེད།
བཀྲ་ཤིས་ད་ལོ་ལོ་56ལ་སླེབས་པ་དང་སྤྲོ་གསེང་གླིང་གཉེར་བའི་སྐོར་གླེང་སྐབས་ཁོང་གིས་མྱོང་ཚོར་ཟབ་མོས“2002ལོའི་གོང་མིག་དམར་དབྱངས་ཅན་གྱིས་ཞིང་ལས་བྱེད་པ་དང་ངས་ཕྱི་ཕྱོགས་སུ་གླ་པ་རྒྱུག་ནས་འཚོ་བ་འཁྱོལ་ཙམ་ཞིག་འདུག དབུལ་པོའི་གནས་ལས་གྲོལ་ཐུབ་ཕྱིར་ང་ཚོས་ཐབས་ཤེས་མང་པོ་བསམ་བློ་བཏང་བ་དང། མཐར་སྤྲོ་གསེང་གླིང་གཉེར་རྒྱུའི་ཐག་བཅད་པ་ཡིན”ཞེས་བརྗོད་བྱུང་།
བཟའ་ཟླ་མིག་དམར་དབྱངས་ཅན་དང་སྐད་ཆ་བྱས་རྗེས་བཀྲ་ཤིས་ཀྱིས་དངུལ་བུན་སྒོར་ཁྲི་5གཡར་ནས་ལྕོག་ཙེ་བཅུ་ཕྲག་དང་འབྲེལ་ཡོད་སྒྲིག་ཆས་ཉོས་ཏེ་སྐྱིད་སྣང་དོད་པའི་སྤྲོ་གསེང་གླིང་གཉེར་བ་རེད།
དེ་སྔ་བཟའ་བཏུང་ལས་རིགས་གཉེར་མྱོང་མེད་པས་བཀྲ་ཤིས་དང་མིག་དམར་དབྱངས་ཅན་བཟའ་ཚོ་གཉིས་པོས་དང་ཐོག་གཉེར་སྐྱོང་བྱེད་སྟངས་དེ་ཙམ་ཤེས་ཀྱི་མེད། མ་གནས་གྲོན་ཆུང་བྱ་ཆེད་མིག་དམར་དབྱང་ཅན་གྱིས་བོད་ཐུག་དང་ཇ་མངར་མོ་བཟོ་མཁན་དང་ཞབས་ཞུ་མ་གཅིག་ལྕོག་བྱེད་ཀྱི་ཡོད་པ་རེད། དེ་ནས་བཟའ་ཚོ་གཉིས་པོས་གང་སར་གཉེར་སྐྱོང་བྱེད་སྟངས་སྦྱོང་བར་སོང་ནས་སྙིང་རུས་ཆེན་པོས་གཉེར་སྐྱོང་བྱས་མཐར་སྤྲོ་གསེང་གླིང་གི་ཚོང་རིམ་བཞིན་རྒྱུག་པོ་བྱུང་ཡོད།
ད་ཆ་སྤྲོ་གསེང་གླིང་གི་གཞི་ཁྱོན་ཇེ་ཆེར་སོང་ནས་བཟའ་ཚོ་གཉིས་པོ་ཕན་ཚུན་ལས་བགོས་ཁ་གསལ་ཡོད་དེ། མིག་དམར་དབྱངས་ཅན་གྱིས་དངུལ་དོ་དམ་བྱེད་པ་དང་བཀྲ་ཤིས་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱེད་ཀྱི་ཡོད། གཞན་ཡང་། ཁོང་གཉིས་པོས་ས་གནས་དེ་གའི་གྲོང་མི་10བསྡུས་ནས་གྲོང་མི་དང་མཉམ་དུ་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།
དེ་སྔ་འཚོ་བ་འཁྱོལ་ཙམ་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་བར་བཀྲ་ཤིས་དང་མིག་དམར་དབྱངས་ཅན་གྱི་ནང་མིའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2010ལོར་བཀྲ་ཤིས་དང་མིག་དམར་དབྱངས་ཅན་བཟའ་ཚོ་གཉིས་པོ་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་། ཏང་ཡོན་ཁྱིམ་ཚང་ཞིག་ཡིན་པའི་ངོས་ནས་ཁོང་གཉིས་པོས་གུང་ཁྲན་ཏང་མི་ཞིག་གིས་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་ད་བར་བརྗེད་མྱོང་མེད། དེ་ལས་ལྷག་པར་ཉེ་འགྲམ་གྱི་མང་ཚོགས་དབུལ་སྒྲོལ་ཐུབ་རོགས་བྱེད་པ་དང་མང་ཚོགས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་རྒྱུ་དེ་ཁོང་གཉིས་པོའི་ཐུན་མོང་གི་དམིགས་ཡུལ་དུ་གྱུར་ཡོད།
2002ལོ་ཚུན། བཟའ་ཚོ་གཉིས་པོས་ཉེ་འགྲམ་གྱི་ཡོང་འབབ་དམའ་བའི་མང་ཚོགས་60ལ་ཐག་ཉེ་ས་དང་སྟབས་བདེ་སའི་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད། 2006ལོ་ཚུན་དུ་བཟའ་ཚོ་གཉིས་ཀྱིས་སྒོར་ཁྲི་60རི་བའི་མ་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད། དེས་མ་ཚད་བཟའ་ཚོ་གཉིས་པོས་གོང་དཀར་རྫོང་དགོན་སྡོད་གྲོང་རྡལ་སློབ་ཆུང་ལ་དངོས་ཟོག་དང་དངུལ་ཞལ་འདེབས་ཐེངས་མང་བརྒྱབ་སྟེ་བློ་གཅིག་སེམས་གཅིག་གིས་སློབ་མར་བྱ་བ་དངོས་སྒྲུབ་པ་དང་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད།