དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གིས་འབྲོག་ལས་རྐྱང་པའི་རྫོང་གི་ལེགས་ཆ་དང་ཟུང་འབྲེལ་གྱིས་འབྲོག་ལས་ཐོན་ལས་གཞན་སྒྱུར་རིམ་སྤོར་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས“ཀུང་སི་དང་། ཆེད་ལས་མཉམ་ལས་རྩ་འཛུགས། འབྲོག་དུད”བཅས་ཟུང་འབྲེལ་གྱི་ཚོགས་པ་རྣམ་པའི་མཉམ་ལས་རྩ་འཛུགས་ཀྱི་བསམ་ཕྱོགས་བཏོན་པ་དང་། མང་ཚོགས་ཀྱི“ཁེར་རྐྱང”བསམ་ཕྱོགས་ལ་འགྱུར་ལྡོག་གཏོང་རོགས་བྱས་པ། མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་འདུ་ཤེས་ཟབ་ཏུ་བཏང་བ། རང་རྟེན་དབུལ་སྒྲོལ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་བ་བཅས་བརྒྱུད་འབྲོག་པ་མང་ཚོགས་ལ་ཡུན་རིང་འབབ་འཕར་བརྟན་པོ་ཡོང་རྒྱུར་འགན་ལེན་ནུས་ལྡན་བྱས་ནས་བྱང་རྩྭ་ཐང་དུ་ངོ་མཚར་ཆེ་བའི་ལེའུ་གསར་པ་བརྩམས་ཡོད།
འབྲོག་ལས་རྐྱང་པའི་མཚོ་གཉིས་རྫོང་ས་བབ་མཐོ་ཞིང་། གནམ་གཤིས་སྐྱོ་བ་དང་། ཐོན་ཁུངས་དཀོན་པ། རྨང་གཞི་ཞན་པ། མང་ཚོགས་ཀྱི་རིག་གནས་ཆུ་ཚད་དམའ་བ། ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་ཞན་པ། རང་རྟེན་དབུལ་སྒྲོལ་གྱི་འདུ་ཤེས་ཞན་པ་བཅས་ཀྱིས་རྐྱེན་པས། དཀར་མཚོ་ཤང་དང་མཚོ་སྦྲེལ་ལྷོ་མ་གྲོང་རྡལ་གྱི་གྲོང་ཚོ་བརྒྱད་པའི་འབྲོག་པ་ཁག་གཅིག་གིས་རང་མོས་ངང་མཉམ་ལས་ཁང་བཙུགས་པ་ཕུད། འབྲོག་པ་གཞན་དག་མང་ཆེ་བ་རང་ཁ་རང་གསོ་གཙོ་བོར་བྱས་ཏེ་གཞི་ཁྱོན་ཆུང་བའི་འབྲོག་ལས་ཐོན་རྫས་ཀྱིས་རྒྱུན་གཏན་གྱི་འཚོ་བ་འཁྱོལ་ཐབས་བྱེད་པ་དང་ཐ་ན་དངོས་པོ་བརྗེ་རེས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་སྔར་བཞིན་གནས་ཡོད་པས། དེས་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད་ལ། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཚོད་འཛིན་ཡང་བཟོས་ཡོད། ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། མཚོ་གཉིས་རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་ལས་རིགས་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་མི་སྣས་ཞིབ་འཇུག་བྱ་གཞི་འཁྱེར་ཏེ་ཤང་དང་གྲོང་རྡལ་དང་། གྲོང་ཚོ། འབྲོག་དུད་བཅས་སུ་བསྐྱོད་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་མང་ཚོགས་ཀྱི་བསམ་འཆར་ཉན་ནས་འབྲོག་ལས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བའི་བསམ་ཕྱོགས་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་འབྲེལ། རྫོང་ཨུད་ཀྱི་རྒྱུན་ལས་ཚོགས་འདུ་དང་། དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ། ཚན་ཁག་ཆེ་གྲས་བཞིའི་མཉམ་འབྲེལ་གྲོས་ཚོགས། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལས་བྱེད་པ་དང་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་སོགས་ཆེད་དོན་ཚོགས་འདུ་འཚོགས་ནས་གྲོས་བསྡུར་དང་ཞིབ་འཇུག་བྱས་ཐོག་སྲོལ་རྒྱུན་གྱི་འབྲོག་ལས་གཞན་སྒྱུར་རིམ་སྤོར་གྱི་དགོས་ངེས་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་དབྱེ་ཞིབ་བྱས་ནས་མཐར“གཙོ་གཅིག་ཕལ་གསུམ”གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གཏན་འཁེལ་བྱས་པ་རེད། འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་བསལ་ནས་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་རྟེན་དབུལ་སྒྲོལ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་ཆེད། དཀར་མཚོ་ཤང་མཉམ་ལས་ཁང་གི་རྣམ་པ་ཁྱབ་གདལ་བཏང་ནས་ངལ་ནུས་དང་། ཕྱུགས་ཟོག རྩྭ་ར་བཅས་ཀྱིས་མ་རྐང་བྱེད་པའི“ཤང་རེར་མཉམ་ལས་ཚོགས་པ་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེའི”ཚོགས་པ་རྣམ་པའི་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་བསམ་ཕྱོགས་བཏོན་པ་རེད།
“ཤང་རེར་མཉམ་ལས་ཚོགས་པ་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེ”འཛུགས་པའི་དུས་འགོར། འབྲོག་པ་མང་ཚོགས་མང་ཆེ་བ་ཞུགས་འདོད་ཆེན་པོ་མེད་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གིས“མང་ཚོགས་ཕྱུག་པོ་མ་ཆགས་ན་ཟས་བརྗེད་གཉིད་བཅག”བྱ་རྒྱུའི་སེམས་ཐག་བཅད་ཐོག་རྫོང་རིམ་པའི་ལས་བྱེད་པས་རུ་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང་ཁག་ཐེངས་10ལྷག་ཙམ་གྲོང་གསེབ་ཏུ་བསྐྱོད་དེ་གྲོང་མིར་སྐུལ་སློང་ཚོགས་ཆེན་འཚོགས་པ་མ་ཟད། ད་དུང་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་བསྒྱུར་རྒྱུ་དེ་ཚོགས་པ་རྣམ་པའི་མཉམ་ལས་རྩ་འཛུགས་འཛུགས་པའི་འཇུག་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་ཁྱོན་ཡོངས་དང་ཕྱོགས་གང་ཅིའི་ཐད་ནས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ལ་སྣ་རྐྱང་པའི་རགས་ལས་ཅན་གྱི་སྐྱས་སྤོའི་ཐོན་སྐྱེད་བྱེད་སྟངས་ནས་སྣ་མང་ཅན་དང་། ལེགས་བསྡུས་ཅན། ཚན་རིག་ཅན་བཅས་ཀྱི་འཁོར་སྐྱོད་བཟང་པོར་བསྒྱུར་རྒྱུའི་ཁྲིད་སྟོན་བྱས་པ་རེད། ཕྱོགས་མང་པོས་འབད་འཐབ་བྱས་པ་བརྒྱུད། མཐར་2017ལོའི་ལོ་མཇུག་ཏུ་ཚན་རིག་ཅན་གྱི་འབྲོག་ལས་ཀྱིས་གཙོ་ཁྲིད་བྱེད་པ་དང་། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་རྒྱུ་དམིགས་ཚད་དུ་བྱེད་པའི“ཤང་རེར་མཉམ་ལས་ཚོགས་པ་རེ”7དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”31བཙུགས་པ་རེད། མིག་སྔར་ཁྱོན་དུད་ཚང་2569ཡི་མི་གྲངས་12970མཉམ་ལས་ཁང་ནང་ཞུགས་ཡོད་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1092ཡི་མི་གྲངས་4380ཟིན་ནས་དུད་ཚང་དབུལ་པོ་མཉམ་ལས་ཁང་ནང་ཞུགས་ཚད་100%ཟིན་ཡོད་པ་དང་། འབྲོག་དུད་གཞན་དག་མཉམ་ལས་ཁང་ནང་ཞུགས་ཚད་97%ཡན་ཟིན་པ། ཕྱུགས་རིགས་མགོ་གྲངས་ཁྲི་41.1305མ་རྐང་ནང་ཞུགས་པ། རྩྭ་ར་མུའུ་ཁྲི་11764.437མ་རྐང་ནང་ཞུགས་པ། ངལ་ནུས་མི་གྲངས་5046མ་རྐང་ནང་ཞུགས་པ། མ་དངུལ་སྒོར་ཁྲི་781.63མ་རྐང་ནང་ཞུགས་ནས། ཤང་དང་གྲོང་རྡལ་གྱི“ཤང་རེར་མཉམ་ལས་ཚོགས་པ་རེ”7གྱི་ཐོ་བཀོད་མ་དངུལ་སྒོར་ཁྲི་6381དང་གྲོང་ཚོ་རིམ་པའི་མཉམ་ལས་རྩ་འཛུགས་31གི་ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར་2.2ཟིན་ཡོད་པ་རེད།