རིག་སྒྲོན་གྱིས།
སྲིན་བུ་རིར་སྤོས་རྗེས་ཕྲུ་གུ་རང་ཁྱིམ་གྱི་སྒོ་འགྲམ་དུ་སློབ་གྲྭར་འགྲོ་རྒྱུ་ཡོད་ཅིང་། ལམ་བར་དུ་སྐར་མ་བཅུ་ལས་འགོར་གྱི་མེད་ལ་གློག་སྒྲོན་ཡོད་པས་གློག་ཀྱང་ཧ་ཅང་བརྟན་པོ་འདུག
ད་ཆ་ཁྱིམ་དུ་གནས་སྐབས་འབབ་ཁུངས་གཞན་མེད་རྐྱེན། ལས་ཀ་འདི་ཡོད་པས་ནང་མི་ཚང་མ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག
འཚེམ་བུའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭས་ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབྱུང་འགྱུར་གཏོད་པའི་གོ་སྐབས་ཤིག་སྦྱིན་ཡོད་ལ། མི་ཚང་མས་ཀྱང་གོ་སྐབས་དེར་དམ་འཛིན་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད།
“རིག་སྒྲོན་སློབ་གྲྭ་ཐོན་སོང”དེ་ནི་ཁོང་རྒྱུགས་སྤྲོད་ཐེངས་གཉིས་པ་ཡིན་ཞིང་། ཁོང་གིས་སྤྱིར་ན་འཚེམ་འཁོར་སྤྱོད་སྟངས་ཤེས་ཏེ་གསོ་སྦྱོང་འཛིན་གྲྭ་ནས་སློབ་མཇུག་འགྲིལ་བའི་ལག་ཁྱེར་རག
2019ལོའི་ཟླ་12ཚེས་19ཉིན་ལོ་36ལ་སླེབས་པའི་རིག་སྒྲོན་གྱིས་ཕྲུ་གུ་གཉིས་ཁྲིད་དེ་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་ཨ་མདོ་རྫོང་སེའུ་ཤང་གྲོང་ཚོ་གཉིས་པ་ནས་གོང་དཀར་རྫོང་སྲིན་བུ་རིར་སྤོས་ནས་ནག་ཆུའི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་དུད་ཚང་གི་གྲས་ཤིག་ཏུ་གྱུར།
སེའུ་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་5000ཙམ་ཡོད་པ་དང་། འབྲོག་པ་1065སྨི་ངོས་གྲུ་ཁྲི་2.3ཡོད་པའི་ས་གཞི་དེར་འཚོ་བ་སྐྱེལ་བཞིན་མཆིས།
སྐབས་དེ་དུས་ཡུལ་མི་ཚོའི་རེ་བ་ཆེ་ཤོས་ནི་ལམ་དང་། ཆུ། གློག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། སེའུ་ཤང་གི་ས་བབ་མཐོ་བའི་ཁར་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་སྟབས་དགུན་ཁ་རྟག་ཏུ་ཆུ་དང་གློག་ཆད་ཀྱི་ཡོད། དེའི་ཁར་ས་ཁྱོན་ཆེ་ལ་མི་འབོར་ཉུང་བ་དང་རྫོང་གྲོང་དང་བར་ཐག་རིང་བས་དོན་དག་སྒྲུབ་པར་སྐྱོད་པར་ཉིན་གཉིས་ཙམ་འགོར་བས་རྙོག་དྲ་ཧ་ཅང་ཆེ།
སྲིན་བུ་རིར་སྤོས་རྗེས་ཕྲུ་གུ་རང་ཁྱིམ་གྱི་སྒོ་འགྲམ་དུ་སློབ་གྲྭར་འགྲོ་རྒྱུ་ཡོད་ཅིང་། ལམ་བར་ལ་སྐར་མ་བཅུ་ལས་འགོར་གྱི་མེད་ལ་གློག་སྒྲོན་ཡོད་པས་གློག་ཀྱང་ཧ་ཅང་བརྟན་པོ་འདུག་ཅེས་རིག་སྒྲོན་གྱིས་བཤད། དེ་བས་ཁོང་ཡིད་རངས་པ་ནི་སྔོན་ཆད་ལོངས་སུ་སྤྱོད་རྒྱུ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་སྔར་བཞིན་སྤྱོད་རྒྱུ་ཡོད་པ་དང་ཕ་ཡུལ་ཨ་མདོའི་འབྲོག་རའི་ནོར་ལུག་དག་ཀྱང་སྔར་བཞིན་རང་ཁྱིམ་ལ་བདག་ཡོད་པ་དེ་རེད། གནས་སྤོ་སྐབས་ཡུལ་མི་ཚོས་ནོར་ལུག་དག་མཉམ་སྡེབ་ཀྱི་མ་རྐང་ནང་བཞག་པ་དང་། མཉམ་ལས་ཁང་གིས་ཟླ་རེར་གྲོང་མི་200རེས་མོས་ངང་ཕྱུགས་འཚོ་བར་བཀོད་སྒྲིག་བྱས་ཤིང་། ད་ལྟའི་འཚོ་བ་གསར་པར་རིག་སྒྲོན་བློ་ཡིད་ཚིམ་ནས་ཡོད།
དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་རིག་སྒྲོན་ལའང་བློ་མི་བདེ་བ་ཞིག་བྱུང་བ་སྟེ། ཕྲུ་གུ་སློབ་སྡོད་སློབ་མ་ཡིན་པས་རྣམ་ཀུན་ནས་སེམས་ཁྲལ་བྱེད་དགོས་མེད། བཟའ་ཟླ་ཕྱུགས་འཚོ་ས་ནས་ལོག་རྗེས་སྐབས་འཕྲལ་གྱི་ལས་ཀ་ཁག་གཅིག་བྱས་པ་ཕུད་ད་ཆ་ཁྱིམ་དུ་ལས་ཀ་སྒུག་ནས་བསྡད་ཡོད། མ་གཞི་མཉམ་ལས་ཁང་ནས་བགོ་འགྲེམས་རྒྱག་གི་ཡོད་མོད། འོན་ཀྱང་ལོ་མཇུག་ལ་ཐེངས་རེ་མ་གཏོགས་མེད་པས་དེ་ཁོ་ནར་བརྟེན་ནས་བསྡད་ན་འགྲིག་ཐབས་མེད་བསམ་གྱི་ཡོད།
“འདི་ལོའི་ཟླ་6པར་བཀོད་སྒྲིག་ཁུལ་དུ་ཀུང་སི་ཞིག་གིས་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་ཚད་གཞི་ལོན་རྗེས་བསྡུ་སྤྱོད་བྱ་རྒྱུ་ཡིན་པའི་གཏམ་བཟང་ཐོས་འཕྲལ་ང་རང་ཧ་ཅང་དགའ་པོ་བྱུང་། འོན་ཀྱང་སྔོན་ཆད་ཕྱུགས་འཚོ་ཁོ་ནར་མི་ཚེ་འདའ་བས་ཡག་པོ་ཞིག་སྦྱོང་ཐུབ་མིན་སེམས་ཁྲལ་བྱུང་”ཞེས་རིག་སྒྲོན་གྱིས་ཚོད་ལྟ་བྱ་རྒྱུའི་རྣམ་འགྱུར་ཐོག་ནས་མིང་ཐོ་བཀོད།
ཉིན་20ཡས་མས་ཀྱི་སློབ་སྦྱོང་བྱས་པ་བརྒྱུད་རིག་སྒྲོན་དང་དེ་བྱིངས་ཀྱི་སློབ་མ་40སློབ་མཇུག་འགྲིལ་བའི་རྒྱུགས་སྤྲོད་འགོ་ཚུགས། “སློབ་མཇུག་འགྲིལ་རྗེས་ང་རང་དངོས་སུ་དེ་གའི་ལས་མིར་གྱུར་ནས་ཟླ་རེར་གཏན་འཇགས་གླ་ཕོགས་སྒོར་3000ཡོད་པ་དང་ལས་འགན་ཚད་ལས་བརྒལ་ནས་བསྒྲུབས་ཚེ་ད་དུང་རྔན་པའང་འདུག”ད་ཆ་ལག་རྩལ་བྱང་ཆུབ་པོ་མེད་སྟབས་སྐེ་དར་དམར་པོ་བཟོ་རྒྱུ་ལས་མ་འདས། ཉིན་རེར་སྐེ་དར་དམར་པོ་150འཚེམ་དགོས་པ་དེ་ལས་འགན་ཡིན་པ་དང་དེ་ལས་ལྷག་པ་འཚེམ་ཐུབ་ཚེ་སྐེ་དར་རེར་རྔན་པ་སྒོར་ཟུར་2རེ་ཡོད། གལ་ཏེ་སློབ་གོས་འཚེམ་ཐུབ་ཚེ་རྔན་པ་དེ་བས་མང་བ་ཡོད་ཅེས་རིག་སྒྲོན་གྱིས་བཤད།
“ད་ཆ་ཁྱིམ་དུ་གནས་སྐབས་འབབ་ཁུངས་གཞན་མེད་རྐྱེན། ལས་ཀ་འདི་ཡོད་པས་ནང་མི་ཚང་མ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག” ང་ནི་ད་ཆ་ཁྱིམ་ཚང་གི་ཀ་བ་ལྟ་བུ་ཡིན་པས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་རིག་སྒྲོན་གྱིས་བཤད།
“གྲོང་ཚོ་གསུམ་པའི་ཚེ་གཡང་དང་ང་ཚོ་གསོ་སྦྱོང་འཛིན་གྲྭ་གཅིག་གི་སློབ་གྲོགས་རེད། ཁོང་ལ་བཀྲ་ཤིས་ཀླུ་མོ་ཟེར་བའི་གྲོགས་མོ་ཞིག་ཡོད་པ་དེ་ལོ་20ཡིན་པ་དང་རྐང་པ་ཡ་གཅིག་དབང་པོ་སྐྱོན་ཅན་ཡིན་པས་ཡིད་མུག་ཆེན་པོ་བྱེད་ཀྱི་ཡོད། དེས་ན་ཚེ་གཡང་གིས་བུ་མོ་དེར་གསོ་སྦྱོང་འཛིན་གྲྭར་མིང་ཐོ་འགོད་རྒྱུའི་ལྕག་སྐུལ་བྱས་པས་བཀྲ་ཤིས་ཀླུ་མོས་ཀྱང་ད་ཆ་མིང་ཐོ་འགོད་རྩིས་བྱེད་ཀྱི་ཡོད། འཚེམ་བུའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭས་ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབྱུང་འགྱུར་གཏོད་པའི་གོ་སྐབས་ཤིག་སྦྱིན་ཡོད་ལ། མི་ཚང་མས་ཀྱང་གོ་སྐབས་དེར་དམ་འཛིན་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད”ཅེས་རིག་སྒྲོན་གྱིས་བཤད།
བོད་ལྗོངས་ཧན་ལིན་སློབ་གསོ་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུའུ་ལུང་གིས་ངོ་སྤྲོད་བྱས་དོན། ང་ཚོས་ཕྱིས་འབྱུང་འཚེམ་འཁོར་རིན་མེད་ངང་དུད་ཚང་ལ་སྤྲོད་པ་དང་མ་རྩ་བཏང་ནས་བཟོ་གྲྭ་འཛུགས་རྒྱུ་ཟུང་འབྲེལ་བྱས་ཏེ་མང་ཚོགས་དེ་བས་མང་བ་གསོ་སྦྱོང་ནང་ཞུགས་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཞིང་འབྲོག་པ་ཐོན་ལས་བཟོ་པར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། འབྱུང་འགྱུར་ལོ་3ནང་ལོ་རེར་སློབ་གོས་ཆ་ཚང་ཁྲི་150ནས་ཁྲི་200བར་འཚེམ་ཐུབ་པ་བྱས་ནས་ས་གནས་དེ་གའི་མང་ཚོགས་ཁྲི་500ནས་1000བར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཀྱང་བྱ་རྒྱུ་ཡིན།
ད་དུང་ཡང་ཟླ་3སྦྱངས་ཚེ་རིག་སྒྲོན་གྱིས་སློབ་གོས་འཚེམ་སྟངས་ཤེས་ཐུབ། “སྐབས་དེ་དུས་ཕྲུ་གུར་ང་རང་གིས་བཙེམས་པའི་སློབ་གོས་གཡོག་པ་དང་ང་རང་གིས་བཟོས་པའི་སྐེ་དར་དམར་པོ་བཏགས་ཏེ་སློབ་གྲྭར་གཏོང་གི་ཡིན། དེ་དག་བསམ་པ་ཙམ་གྱིས་སེམས་ནང་བརྗོད་མི་ཤེས་པའི་དགའ་ཚོར་སྐྱེ་ཡི་འདུག”ཅེས་རིག་སྒྲོན་གྱིས་བཤད།