ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མཐོང་ཐོས།
ལ་རྒྱབ་ཤང་འདི་ཉིད་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་དང་ལྷོ་ཁའི་ལྷོ་བྲག་ལུང་ཤུར་གྱི་འདབས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་3675ཟིན་གྱི་ཡོད། ལོར་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཚོད་ཟླ་བ་3ཡང་ཟིན་གྱི་མེད། གྲོག་རོང་ནང་ས་རྒྱུ་ཞན་པས་འབྲུ་རིགས་ཐོན་སྐྱེད་བྱེད་ཐུབ་ཀྱི་མེད་པ་རེད།
“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་གྱི་མཛུབ་ཁྲིད་འོག་དང་ཏང་གི་དམངས་ཕན་སྲིད་ཇུས་དང་ལྷག་དོན་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་དེ་སྔའི་དབུལ་ཕོངས་རྗེས་ལུས་ཀྱི་ལ་རྒྱབ་ཤང་དེ་ད་ཆ་མཛེས་སྡུག་ལྡན་པའི་ཤང་ཞིག་ཏུ་གྱུར་ཏེ་ཁྱིམ་ཚང་ཚང་མ“འབྱོར་འབྲིང་ཁང་པའི”ནང་སྡོད་ཐུབ་པ་བྱུང་བ་དང་གཞུང་ལམ་གསར་པ་ཤར་གཏོང་ཐུབ་ཉེར་ཡོད་པ་རེད། སྤྱང་གྲུང་ལྡན་པའི་འབྲོག་པས་ཁྱིམ་ཚང་མགྲོན་ཁང་བཙུགས་ཏེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་ཡོང་བ་བྱས་པ་རེད།
“ན་ནིང་ལ་རྒྱབ་ཤང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་20497ཟིན་ནས་ལྷོ་བྲག་རྫོང་གི་ཨང་དང་པོར་སླེབས་ཡོད”ཅེས་ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུན་བཟང་བསྟན་འཛིན་གྱིས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད།
“འབྱོར་འབྲིང་ཁང་པའི”ནང་སྡོད་ཐུབ་པ་བྱུང་བ།
“ལ་རྒྱབ་བའི་མནའ་མར་མི་འགྲོ”ཞེས་པ་དེ་ནི་ལྷོ་བྲག་རྫོང་གི་མི་སེར་ཁྲོད་དར་བའི“ངག་རྒྱུན”ཞིག་ཡིན་པ་དེ་ཐོག་ནས་དེ་སྔའི་ལ་རྒྱབ་ཀྱི་དབུལ་ཕོངས་ཀྱི་རྣམ་པ་མཚོན་ཐུབ།
“འབྱོར་འབྲིང་ཡོང་མིན་གྱི་འགག་རྩ་མི་སེར་ལ་ཐུག་ཡོད” ཉེ་ཆར། གསར་འགོད་པ་ལ་རྒྱབ་གྲོང་ཚོར་འབྱོར་སྐབས། མིག་མདུན་དུ་འཆར་བ་ནི་རྣམ་པ་གཞན་ཞིག་ཡིན་པ་སྟེ། ཁྱིམ་ཚང་ཚང་མ་མུ་འབྲེལ་སྤྲོ་ཁང་དུ་སྡོད་ཀྱི་ཡོད་པ་དང་། རྣམ་པར་བཀྲ་བའི་ཉི་འོད་འོག་གི་ཐོག་ཁང་དམར་པོ་དང་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་འོད་མདངས་ཕན་ཚུན་འཕྲོ་བཞིན་ཡོད་པ་རེད།
“གྲོང་ཚོ་ཡོངས་ཀྱི་དུད་ཚང་59ཚང་མ‘འབྱོར་འབྲིང་ཁང་པར’སྤོས་ཡོད”ཅེས་ལ་རྒྱབ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་བསམ་གྲུབ་ཀྱིས་གསར་འགོད་པར་བཤད་བྱུང་། “མི་རེར་སྨི་ངོས་གྲུ་40ཐོབ་པ་དང་མ་དངུལ་རྒྱལ་ཁབ་ཀྱིས་70%འགན་ཁུར་བ་དང་མང་ཚོགས་ཀྱིས་30%རང་གྲབས་བྱས་ནས། སྲིད་གཞུང་གིས་མང་ཆེ་བ་བཏོན་པ་དང་མི་སྒེར་གྱིས་ཉུང་ཤས་ལས་བཏོན་དགོས་མེད་པས་མང་ཚོགས་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཡོད།
ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་47ཆོད་པའི་མཐའ་མཚམས་གྲོང་ཚོ་སྟེ་རྒྱལ་ལ་ཕུག་གྲོང་ཚོའི(མ་ཅ་ཐང)དུད་ཚང་10ཡི་མང་ཚོགས་དངུལ་སྐར་མ་གཅིག་ཀྱང་གཏོང་མི་དགོས་པར་སྨི་ངོས་གྲུ་110ཡོད་པའི“འབྱོར་འབྲིང་ཁང་པར”སྡོད་རྒྱུ་བྱུང་ཡོད། ཀུན་བཟང་བསྟན་འཛིན་གྱིས“འགྲིམ་འགྲུལ་སྟབས་མི་བདེ་བས་རྒྱལ་ལ་ཕུག་གྲོང་ཚོར་ཁང་པ་རྒྱག་པའི་མ་གནས་ཧ་ཅང་མཐོ་པོ་ཡོད་པ་དང་ཨར་འདམ་འགྱིག་ཕད་གཅིག་ལ་མ་གནས་སྒོར་450ཙམ་ཟིན་གྱི་ཡོད། མང་ཚོགས་བློ་བདེ་པོའི་ངང་ཕྱུགས་འཚོ་མཐའ་སྲུང་ཐུབ་ཆེད། ཏང་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་ཡོད”ཅེས་བཤད།
འདི་ལོ་ལོ་81ལ་སླེབས་པའི་རྒྱལ་ལ་ཕུག་གྲོང་ཚོའི་གྲོང་མི་བསོད་ནམས་ཆོས་འཕེལ་གྱིས“1995ལོར་མ་ཅ་ཐང་དུ་སྤོ་སྐབས། གུར་ནང་སྡོད་ཀྱི་ཡོད། རྗེས་སུ། ཀུན་བཟང་བསྟན་འཛིན་གྱིས་མི་ཁྲིད་དེ་ང་ཚོར་རྡོ་གཡམ་ཁང་པ་བརྒྱབ་པ་དང་ད་ཆ་ཡང་ང་ཚོར‘འབྱོར་འབྲིང་ཁང་པ’རྒྱག་རོགས་བྱས་བྱུང་བ་མ་ཟད། ད་དུང་ལྷས་རའང་བརྒྱབ་པས་ད་ནས་བཟུང་ཕྱུགས་ཟོག་དགུན་སྒྲོལ་ཐད་ང་ཚོ་སེམས་ཁྲལ་བྱེད་དགོས་མེད”ཅེས་གསར་འགོད་པར་བཤད།
ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་བཞེས་འོག་ལ་རྒྱབ་ཤང་གི་མང་ཚོགས་ཀྱི་ཕྱུགས་འཚོ་མཐའ་སྲུང་གི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། ཁོང་ཚོས་རང་འགུལ་ངང་བྲག་ངོས་སུ་ཏང་དར་དང་རྒྱལ་དར་གྱི་རི་མོ་བྲིས་ཏེ་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་ལུགས་དང་དགའ་ཞེན་བྱེད་ལུགས་མཚོན་པར་བྱས་པ། “ང་རང་ཕྱུག་འགྱུར་བྱེད་པར་རྒྱལ་ཁབ་རོགས་རམ་ཐོག་མེས་རྒྱལ་ཆེད་དུ་ང་ཡིས་མཐའ་མཚམས་སྲུང”ཞེས་ཀུན་བཟང་བསྟན་འཛིན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད། “རྒྱལ་ལ་ཕུག་གྲོང་ཚོའི་ལོ་16ཡན་གྱི་གྲོང་མི་ཚོས་ལོ་ལྟར་མི་རེས་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྒོར་ཁྲི་གཉིས་ལྷག་ཙམ་ལོངས་སྤྱོད་བྱེད་ཀྱི་ཡོད་པའི་ཁར་དབྱར་རྩྭ་དགུན་འབུ་འཐུ་བ་དང་མྱང་རྩི་སྤྲས་བཀོག་པ་སོགས་ཀྱི་ཡོང་འབབ་བསྣན་ཚེ། ལོ་གཅིག་གི་དངུལ་སྨར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་ནས་ཕྱུག་འགྱུར་གྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་པ།
སྡོད་ཁང་དང་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས་རྗེས། ལ་རྒྱབ་ཤང་གི་མང་ཚོགས་ཚོས་འཕེལ་རྒྱས་ཀྱི“དུས་སྐབས་ཡག་ཤོས”བསུས་པ་དང་ལ་རྒྱབ་གྲོང་ཚོའི་སྤྱང་གྲུང་འཛོམས་པའི་དུད་ཚང་གཉིས་ཀྱིས་སྔ་སྣུར་དུ་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད།
ལོ་28ལ་སླེབས་པའི་བསམ་གཏན་གཡུ་སྒྲོན་2017ལོར“འབྱོར་འབྲིང་ཁང་པར”སྤོས་རྗེས་ཁྱིམ་གྱི་ཁང་པ་ལྷག་མ་རྣམས་མགྲོན་ཁང་བཟོས། “ངའི་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་དུ་ཉལ་ཁྲི་9ཡོད་པ་དང་ལོ་ལྟར་ཉུང་མཐར་ཡང་ཡོང་འབབ་སྒོར་2000ལྷག་ཙམ་ཡོང་གི་འདུག་ཤང་གིས་ང་ཚོའི་སྣེ་ཁྲིད་དེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་མཁན་ཡིན་པ་གོ་ཐོས་བྱུང་བས་འབྱུང་འགྱུར་ཡོང་འབབ་དེ་བས་མཐོ་བ་ཡོང་ངེས་རེད”ཅེས་བསམ་གཏན་གཡུ་སྒྲོན་གྱིས་གསར་འགོད་པར་བཤད།
“ལོ་ལྟར་གྱི་ཟླ་5པའི་རྗེས་སུ། འདི་གའི་ཕྱོགས་གང་སར་ཁ་དོག་རྣམ་པར་བཀྲ་བར་སྟག་མའི་མེ་ཏོག་བཞད་ཀྱི་ཡོད་པས་ཧ་ཅང་མཛེས་པོ་ཡོད། “མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་ཆེད། གོང་རིམ་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་སྟེ་དེ་གར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་ལྗོངས་གཟིགས་སྟེགས་བུ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུའི་ཐག་བཅད་པ་རེད། འཆར་འགོད་གཞིར་བཟུང་། འདི་ལོ་རྒྱལ་ལ་ཕུག་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་རེད”ཅེས་ཀུན་བཟང་བསྟན་འཛིན་གྱིས་བཤད།
གཏམ་བཟང་ཐོས་རྗེས་མང་ཚོགས་རྣམས་དགའ་སྤྲོ་དཔག་མེད་སྐྱེས། དེ་སྔ་གཞུང་ལམ་ཤར་གཏོང་མ་ཐུབ་སྟབས་ས་གནས་དེ་གའི་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། “དེ་སྔ་མང་ཚོགས་ཀྱིས་དངོས་ཟོག་ཕྱིར་འདྲེན་བྱེད་པར་ཚང་མ་མི་དང་ཁལ་མར་བརྟེན་ནས་དབོར་གྱི་ཡོད། དཀར་རྒུ་ལ་བརྒྱབ་ནས་ཕར་འགྲོ་ཚུར་འོང་བྱེད་པར་ཉིན་གཉིས་འགོར་གྱི་ཡོད། ལམ་ཤར་གཏོང་ཐུབ་རྗེས་མང་ཚོགས་ཀྱིས་རླངས་འཁོར་བཏང་ནས་རང་ཉིད་ཀྱིས་ལས་སྣོན་དང་ཐོན་སྐྱེད་བྱས་པའི་ལག་ཤེས་ཐོན་རྫས་ལྷོ་ཁ་དང་ལྷ་སར་འཚོང་བར་སྐྱོད་ཀྱི་ཡོད། ད་ཆ་ལ་རྒྱབ་གྲོང་ཚོར་ལག་རྩལ་ཤེས་ལ་ལས་ལ་བརྩོན་པའི་ཁྱིམ་ཚང་རེར་ལོ་གཅིག་ལ་འབབ་འཕར་སྒོར་ཁྲི་བདུན་བརྒྱད་ཡོང་གི་ཡོད། མི་སེར་ཚང་མས‘རླངས་འཁོར་སྐྱོད་ཐེངས་རེར་ཡོང་འབབ་འབོར་ཆེན་ཡོང་གི་རེད’ཅེས་བརྗོད་ཀྱི་ཡོད” ཅེས་བཀྲ་ཤིས་བསམ་གྲུབ་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་། 2011ལོར“མྱུར་སྐྱོབ་རྣམ་པའི་རྒྱུན་འཛིན”བརྒྱུད་མིག་སྔར་ལ་རྒྱབ་གྲོང་ཚོའི་དུད་ཚང་70%ཡིས་སྨྱུག་ཆས་དང་ཤིང་ཆས་བཟོ་བའི་ལག་རྩལ་ཁོང་དུ་ཆུད་ཀྱི་ཡོད་པ་རེད།
“འབྱོར་འབྲིང་ལམ་བུར”བསྐྱོད་པ།
འགྲོ་ལམ་གྱི་འགྱུར་ལྡོག་ནི་ལ་རྒྱབ་ཤང་འཕེལ་རྒྱས་ཀྱི་མཚོན་བྱེད་ཙམ་ཞིག་རེད། 2004ལོར་ལ་རྒྱབ་ཤང་དུ་བྱེ་རྡོའི་ལམ་ཤར་གཏོང་ཐུབ་པ་དང་། 2016ལོར་ལ་རྒྱབ་ཤང་དུ་ཨར་འདམ་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད།
གྲོང་གསེབ་ཀྱི་འགྲོ་ལམ་ལེགས་སུ་བཏང་རྗེས་ལ་རྒྱབ་ཤང་གི་མང་ཚོགས་རིམ་བཞིན་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་འགོ་ཚུགས། 2010ལོར་ལ་རྒྱབ་གྲོང་ཚོའི་གྲོང་མི་སྐལ་བཟང་སྟོབས་རྒྱལ་གྱིས་དུད་ཚང་5ཡི་སྣེ་ཁྲིད་དེ་སྐྱེལ་འདྲེན་རུ་ཁག་བཙུགས་པ་རེད། ཁོང་གིས་གསར་འགོད་པར“སྐྱེལ་འདྲེན་རུ་ཁག་ལ་ཟོག་འདྲེན་རླངས་འཁོར་ཆེ་གྲས་7དང་ཆུང་གྲས་7ཡོད་པས་དུད་ཚང་14ཡི་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཟོག་འདྲེན་རླངས་འཁོར་ཆེ་གྲས་ལ་ལོར་འབབ་འཕར་སྒོར་ཁྲི་14ཙམ་དང་ཆུང་གྲས་ལ་ལོར་འབབ་འཕར་སྒོར་ཁྲི་10ཙམ་ཡོང་གི་འདུག”ཅེས་བཤད།
2016ལོར་ལ་རྒྱབ་ཤང་གིས་སི་ཁྲོན་མན་དབྱང་ནས་ལག་རྩལ་པ་གཉིས་གདན་དྲངས་ཏེ་གྲོང་མིར་མོག་རོ་ནག་པོ་འདེབས་འཛུགས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་རེད། ལ་རྒྱབ་གྲོང་ཚོའི་གྲོང་མི་གསུམ་སློབ་སྦྱོང་འཛིན་གྲྭར་ཞུགས་པ་དང་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་འཇམ་དབྱངས་ལྷ་མོ་ནི་དེའི་གྲས་ཤིག་རེད། ལག་རྩལ་ཁོང་དུ་ཆུད་རྗེས་ཁོ་མོ་ལ་རྒྱབ་གྲོང་ཚོའི་ཚན་རྩལ་ཆེད་མངགས་པར་གྱུར།
“ཚན་རྩལ་ཆེད་མངགས་པ་བྱེད་པར་ལོ་ལྟར་ཁ་གསབ་སྒོར་ལྔ་སྟོང་དྲུག་སྟོང་འདུག ཡོང་འབབ་དེ་དག་ལ་བརྟེན་ནས་2017ལོར་ངའི་ཁྱིམ་དབུལ་སྒྲོལ་ཐུབ་བྱུང”ཞེས་འཇམ་དབྱངས་ལྷ་མོས་བཤད།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག མིག་སྔར། ལ་རྒྱབ་གྲོང་ཚོར་དྲོད་ཁང་ཆེ་མོ་5བསྐྲུན་ནས་དུད་ཚང་30ཡི་མི་གྲངས་85ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། བཀྲ་ཤིས་བསམ་གྲུབ་ཀྱིས་དགའ་ཚོར་ཆེན་པོས་གསར་འགོད་པར“འདི་ལོ་ང་ཚོས་ཤ་མོ་ཐུམ་ཁྲི་2བཏབ་པ་ཡིན། ཁྲོམ་རའི་ཚོང་ལམ་ཡག་པོ་བྱུང་ཚེ་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་ངེས་རེད”ཅེས་བཤད།
ལ་རྒྱབ་ཤང་ནི་རང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མཚོན་བྱེད་ཙམ་ཞིག་རེད།
2017ལོ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་གནང་བའི“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་མེད། མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་རྐང་རེ་རེ་ཡང་ཡག་པོ་སྲུང་དགོས”ཞེས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་མཐའ་མཚམས་རྫོང་21དང་མཐའ་མཚམས་གྲོང་ཚོ་628དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་དུད་ཚང་62160ཡི་མི་241835ལ་ཁྱབ་ཡོད་པ་རེད། མིག་སྔར་ལྷོ་ཁ་གྲོང་ཁྱེར་ཁོ་ནར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་30བསྐྲུན་ཡོད། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག རྒྱ་ཆེའི་མཐའ་མཚམས་མང་ཚོགས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣