ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་གཉའ་ནང་རྫོང་གི་ས་ཁོངས་ཀྱི་གནམ་གཤིས་དམིགས་བསལ་ཡིན་པས་ཞིང་འབྲོག་ནགས་བཅས་ལྡན་པའི་ཕྱོགས་བསྡུས་རྫོང་གི་ཁོངས་སུ་གཏོགས་ཤིང་། དེ་ནས་གྲོ་མ་སོགས་སྤུས་ལེགས་ཀྱི་ཁྱད་ལྡན་ཐོན་རྫས་མང་པོ་ཐོན་གྱི་ཡོད།
ཞིང་ལས་ཐོན་རྫས“འཚོང་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་ཀ་ལེགས་པ་དང་རིན་གོང་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བཅས་བྱ་ཆེད། 2019ལོའི་ཟླ་10པ་ནས་བཟུང་གཉའ་ནང་རྫོང་གིས་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་རྟགས་སྐྱོང་གསོ་དང་། དྲ་ཐོག་ཚོང་དོན་གསོ་སྦྱོང་། ཐོན་ལས་བཏོད་པ། དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་སོགས་ཐད་ནས་འགོ་བཙུགས་ཏེ་དྲ་ཐོག་ཚོང་དོན་གྱི་ཐོན་ལས་འཁོར་སྦྲེལ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། དྲ་ཐོག་ཚོང་དོན་ཁེ་ལས་དང་ཞིང་དུད་ཆུང་ངུ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཁྲོམ་རའི་བྱེད་པོའི་དབར་ཐོན་ཚོང་གནད་སྨིན་སྦྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་ཆབས་ཅིག་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་དང་། ཐོན་རྫས་ལས་སྣོན། འགྲིམ་འགྲུལ་ཟོག་འགྲེམས། ཚོང་གཉེར་ཁྱབ་གདལ་སོགས་ལྷུ་ཚིགས་ཁག་གཉེར་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།
“མིག་སྔའི་བར་འདི་ལོའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་78.6ཟིན་པ་དང་། རི་ཙོང་དང་གྲོ་མ་སོགས་ཀྱི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད་པ་དང་རི་གསེབ་ཏུ་སྐྱེས་པའི‘རི་སྐྱེས་ཤིང་ཏོག’ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པའི་ཐོན་རྫས་སུ་གྱུར་པ་དང་། ཐོན་རྫས་དང་ཐོན་ནུས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད”ཅེས་གཉའ་ནང་རྫོང་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཀྲང་ཡུང་ཧུའེ་ཡིས་དགའ་སྤྲོའི་ངང་གསར་འགོད་པར་བརྗོད་ཅིང་། ཁོང་གིས། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་བཏོད་པའི་གཉེར་ཚོང་མ་ལག་གཉའ་ནང་རྫོང་གི་ཁྱད་ལྡན་ཐོན་རྫས་ཅིང་ཏུང་ཚོང་ར་དང་། དབུལ་སྐྱོར་གྱི་གྲོང་ཚོ་རེར་ཚོང་ཁང་རེ། ཇོ་མོ་གླང་མའི་དྲ་ཐོག་ཚོང་དོན་གྱི་སྐད་འཕྲིན་ཚོང་ཁང་སོགས་སུ་ཕྱིར་ཚོང་བྱེད་པ་དང་། དྲ་ཕྱིར་གྲོ་མོ་དང་། རྒྱལ་རྩེ། གཉའ་ནང་སོགས་གྲོང་གསེབ་ཀྱི་ཞབས་ཞུའི་ས་ཚིགས་144རུ་ཕྱིར་ཚོང་བྱེད་ཀྱི་ཡོད་ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར། གཉའ་ནང་རྫོང་དུ་སྨི་ངོས་གྲུ་500ཙམ་ཡོད་པའི་རྫོང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་རགས་ཙམ་བསྐྲུན་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས་རྫོང་དེ་གའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་ལས་སྟེགས་བསྐྲུན་ཏེ་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་ཀྱི་དྲ་ཐོག་དང་དྲ་ཕྱིའི་ཉམས་ལེན་འགྲེམས་སྟོན་ལྟེ་གནས་དང་། གསོ་སྦྱོང་ལྟེ་གནས། ཞིང་ལས་ཐོན་རྫས་ལྷག་འཕྲོའི་ཞིབ་དཔྱད་ཚད་ལེན་ལྟེ་གནས། དྲ་ཐོག་ཚོང་དོན་གྱི་སྐྱོང་གསོ་ལྟེ་གནས། པར་ལེན་ལྟེ་གནས་སོགས་བཙུགས་ཡོད་པ་རེད།
གཉའ་ནང་རྫོང་གི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་མེད་པ་ནས་ཡོད་པའི་བར་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེས་རྒྱ་ཆེ་བའི་ས་མཐོའི་གྲོང་གསེབ་ཏུ་ཉོ་ཚོང་ལས་སྟེགས་གལ་ཆེན་ཞིག་བསྐྲུན་ནས་ཞིང་འབྲོག་པ་དེ་བས་མང་བར་ཕྱུག་འགྱུར་གྱི་སྒོ་མོ་ཡངས་པོར་ཕྱེ་ཡོད།
གཉའ་ནང་རྫོང་དུ་སྐྱོད་སྐབས་ནས་ལུང་ཤང་གི་མུའུ་500ཡོད་པའི་གྲོ་མ་འདེབས་འཛུགས་རྟེན་གཞིར་གྲོང་མི་ཚོས་གྲོ་མ་འདེབས་བཞིན་ཡོད་པ་དང་། གཉའ་ནང་རྫོང་གི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་སློབ་ཆེན་སློབ་ཐོན་སློབ་མ་པ་སངས་བུ་ཁྲིད་ཀྱི་ཐུམ་སྒྲིལ་སྤུས་ལེགས་བརྒྱབ་པའི་ཐོན་རྫས་གསར་པར་པར་རྒྱག་བཞིན་ཡོད་པ་དང་། དྲ་ཐོག་ཚོང་དོན་གྱི་འཆད་ཁྲིད་དགེ་རྒན་ཨ་ཚེ་རིང་གིས་གཞུང་དོན་སྒྲོག་ཙེའི་མདུན་དུ་དྲ་ཐོག་ཚོང་དོན་གྱི་གསོ་སྦྱོང་གི་གློག་རྡུལ་སློབ་ཆས་བློ་རྩེ་གཅིག་སྒྲིམ་གྱིས་ལེགས་བཅོས་བྱེད་བཞིན་ཡོད། གྲོང་ཚོའི་གཞུང་ལམ་དུ་ཟོག་འགྲེམས་རླངས་འཁོར་ཡང་ཡང་འགྲོ་འོང་བྱེད་པ་མཐོང་རྒྱུ་ཡོད་པ་སོགས་ཐོན་སྐྱེད་མཁོ་སྤྲོད་དང་ཐུམ་སྒྲིལ་འཆར་འགོད་ནས་ཁྲོམ་རར་ཐོག་ཕྱིར་ཚོང་བྱེད་པ་དང་ཟོག་འགྲེམས་སྡེབ་སྐྱེལ་བྱེད་པའི་བར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་ལྷུ་ཚིགས་ཚང་མ་ནས་བྲེལ་འཚུབ་ཀྱི་རྣམ་པ་མངོན་བཞིན་ཡོད།
གཉའ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་འགག་སྒོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར། གཉའ་ནང་རྫོང་དུ་འགག་སྒོའི་ལེགས་ཆ་དང་། ཐོན་རྫས་ཀྱི་ལེགས་ཆ། རང་བྱུང་སྣོད་བཅུད་ཀྱི་ཐོན་ཁུངས་ལེགས་ཆ་བཅས་ལྡན་པས་དྲ་སྦྲེལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལས་དོན་ལ་རམ་འདེགས་བྱེད་པར་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། 2019ལོའི་ཟླ་11ཚེས་5ཉིན་རྫོང་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ཧྥེང་ལུའུ་ཝུའེ་ཡིས་ཙུའུ་ཀྲང་དང་། ཁག་བགོས་དོ་དམ་གྱི་འགན་འཁུར་བ་རྫོང་དཔོན་གཞོན་པ་པ་སངས་ཚེ་བརྟན་གྱིས་ཙུའུ་ཀྲང་གཞོན་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་དང་ཤང་དང་གྲོང་རྡལ་ཁག་གི་འགན་འཁུར་བ་གཙོ་བོས་ཁུངས་མི་བྱས་པ་བཅས་ལས་གྲུབ་པའི“གཉའ་ནང་རྫོང་གི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང”བཙུགས་ནས་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་མཐུན་སྦྱོར་ཚོགས་འདུ་ཐེངས་མང་འཚོགས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་རིང་ཕྲད་པའི་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་བྱས་པ་རེད།
གཉའ་ནང་རྫོང་གིས་ས་གནས་དེ་གའི་གཞུང་ཞབས་པ་དང་། ཞིང་འབྲོག་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ། ཁེ་ལས་དང་དེ་བཞིན་མཉམ་ལས་ཁང་གི་འགན་འཁུར་བ་བཅས་རྒྱ་ཁྱབ་ངང་གསོ་སྦྱོང་དང་རིམ་སྤོར་རྣམ་པའི་གསོ་སྦྱོང་བྱས་པས་མིག་སྔར་གསོ་སྦྱོང་དང་ལེན་བྱེད་མཁན་མི་ཐེངས་2200ལྷག་ཙམ་ཟིན་ཡོད་པ་རེད།
གཉའ་ནང་རྫོང་གི་ཟོག་འགྲེམས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་ཤིང་། མིག་སྔར་གཉའ་ནང་རྫོང་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་ཁག་བགོས་ལྟེ་གནས་ལ་སྤྱིའི་ཆ་ནས་མཛེས་བཟོ་བྱས་ཟིན་པ་དང་། ཟོག་འགྲེམས་སྡེབ་སྐྱེལ་རླངས་འཁོར་3ཉོས་པ་དང་འབྲེལ་ཧྲེན་ཐུང་དང་། ཡུན་ཏཱ། པའེ་ཧྲི་ཧུའེ་ཐུང་མྱུར་སྐྱེལ་ཁེ་ལས་གསུམ་དང་ཟོག་འགྲེམས་ཁེ་ལས་ཆེ་གྲས་དབྱི་སྨི་ཏེ་ཏ་བཅས་གདན་དྲངས་ནས་རིམ་པ་གསུམ་པའི་ཟོག་འགྲེམས་སྡེབ་སྐྱེལ་དྲ་རྒྱའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མྱུར་སྐྱེལ་དང་ཟོག་འགྲེམས་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་བྱེད་ཐུབ་ཀྱི་ཡོད། ཤང(གྲོང་རྡལ)གི་ས་ཚིགས་27བསྐྲུན་པར་ཁྱབ་ཚད་100%ཟིན་པ་དང་། གྲོང་ཚོ་རིམ་པའི་ས་ཚིགས་22ལ་མཛེས་བཟོ་དང་སྒྱུར་བཀོད་བྱས་པར་ཁྱབ་ཚད་50%ཟིན་པ། བརྙན་འཕྲིན་དང་། གློག་ཀླད། ཟོག་སྒྲོམ། གཞུང་ལས་ཁང་། དྲ་ཆེན་སོགས་མཉེན་ཆས་དང་སྒྲིག་ཆས་ཚང་མ་དམིགས་སར་འབྱོར་ཡོད་པ་རེད།
དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་ནི་སྔར་བཞིན་གཉའ་ནང་རྫོང་གི་ལས་འགན་གལ་ཆེན་ཞིག་རེད། གཉའ་ནང་རྫོང་གིས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལག་ལེན་ཁྲོད“དྲ་ཐོག་ཚོང་ཁང་དང་། ཐོན་ལས། ལས་གཏོད། ལས་ཞུགས། མ་རྐང་ལ་ཞུགས་པ”དང“ཕྱོགས་ལྔ་གཞི་གཅིག”གི་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ལམ་སྲོལ་ཆགས་ཡོད་ལ། “དྲ་ཐོག་ཁེ་ལས་+དུད་ཚང་དབུལ་པོ”དང་། “དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས+དྲ་ཐོག་ཚོང་དོན་གྱི་ས་ཚིགས+དུད་ཚང་དབུལ་པོ”“ཁེ་ལས+མཉམ་ལས་ཁང+དུད་ཚང་དབུལ་པོ”“ལས་གཏོད་གསོ་སྐྱོང་+དུད་ཚང་དབུལ་པོ”བཅས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་རྣམ་པ་བཞི་གྲུབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་གཉའ་ནང་རྫོང་གྲོང་གསེབ་དྲ་ཐོག་ཚོང་དོན་གྱིས་མང་ཚོགས་ཐད་ཀར་སྐུལ་ཁྲིད་བྱས་ནས་མི་72ལས་གཏོད་ལས་ཞུགས་ཐུབ་པའི་ནང་དུད་ཚང་དབུལ་པོའི་མི་24ཡོད་པ་དང་། གཞན་བརྒྱུད་སྐུལ་ཁྲིད་བྱས་ནས་མི་276ལས་གཏོད་ལས་ཞུགས་ཐུབ་པའི་ནང་དུད་ཚང་དབུལ་པོའི་མི་49ཡོད་པ་རེད།
གོམ་སྟབས་རྗེས་མར། གཉའ་ནང་རྫོང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་འདེགས་སྐྱོར་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་དེ་བས་སྤུས་ལེགས་དང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་དྲ་སྦྲེལ་གྱི“སྤྲིན་ཚོམ”དུ་ཁྱབ་པར་བྱས་ནས་རི་ཁུག་གི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ལམ་བུ་དང་ཕྱུག་འགྱུར་ཐབས་ལམ་དེ་བས་ཡངས་ཞིང་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།