དབུ་ཤོག>ཆེད་སྒྲིག
  • མཉམ་དུ་སྡེབ་ནས་འཕེལ་རྒྱས་གཏོང་བའི་ལམ་གསར་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-12

    750593_yis_1594354854492_s.jpg

    འདི་ནི་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་སེར་གླིང་མཚོ་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་རྟེན་གཞིར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀརྨ་ཕུན་ཚོགས(གཡོན)དང་དགེ་ཕྲུག་ཚེ་རིང་བཟང་པོས་བོད་ཆས་བཟོ་བཞིན་པ།

    ཟླ་6པའི་དཔལ་མགོན་རྩྭ་ཐང་དུ་ཉི་འོད་རབ་ཏུ་འཚེར་ཞིང་བསིལ་རླུང་དལ་བུར་ལྡང་། གསར་དུ་བསྐྲུན་པའི་ཨར་འདམ་ལམ་ཕུར་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོར་ཤར་གཏོང་ཐུབ་པ་དང་། ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་གྱིས་གྲོང་ཚོ་ཆུང་ངུའི་ལྷིང་འཇགས་ཀྱི་རྣམ་པ་འཁྲུག་ཆ་དོད་དུ་བཏང་བ་དང་། དགའ་སྤྲོའི་རྣམ་པས་ཁེངས་པའི་ཕྲུ་གུ་ཚོ་གྲོང་མདོར་རྩེད་འཇོར་རོལ་བཞིན་མཆིས།

    འདི་ནི་ལོ་8གོང་གྲོང་ཚོ་ཡོངས་ཀྱི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1400ནས་ད་ཆ་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4ལྷག་ཙམ་ཟིན་པའི་རྡོལ་རྒས་གྲོང་ཚོ་ཡིན་ནམ། འདི་ནི་གྲོང་རྡལ་ཡོངས་ཀྱི་རྗེས་སུ་ལུས་པའི་གྲོང་ཚོ་དབུལ་པོ་ཞིག་ནས་ད་ལྟ་ཨང་དང་པོ་ནས་གསུམ་པའི་བར་སླེབས་པའི་གྲོང་ཚོ་ཕྱུག་པོ་རྡོལ་རྒས་གྲོང་ཚོ་ཡིན་ནམ།

    རྡོལ་རྒས་གྲོང་ཚོ་དཔལ་མགོན་རྫོང་གི་ཤར་ལྷོའི་ཕྱོགས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4750ཡོད་པ་དང་རྫོང་གྲོང་དང་བར་ཐག་སྤྱི་ལེ་20ཡོད། ཟླ་6པའི་ཟླ་དཀྱིལ་གྱི་ཉིན་ཞིག་གསར་འགོད་པ་རྡོལ་རྒས་གྲོང་ཚོར་བསྐྱོད་དེ་རྡོལ་རྒས་བས་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་འཕེལ་རྒྱས་བཏང་བའི་དབུལ་སྒྲོལ་གཏམ་རྒྱུད་ཉན་པ་དང་རྩྭ་ཐང་སྟེང་གི་དཔྱིད་ཀྱི་ཚ་རླབས་དེ་ཉམས་སུ་མྱངས་ནས་དུས་རབས་གསར་པར་འབད་འབུངས་དང་འབྱོར་འབྲིང་གི་ལམ་དུ་དཔའ་ངར་ཞུམ་མེད་ངང་བསྐྱོད་པའི་སྙིང་དོན་ཚོར་བར་བྱས་པ་རེད།

    “མཉམ་ལས་ཁང་ཡོད་པ་ལས་ང་ཚོའི་གྲོང་ཚོ་ཕྱུག་པོ་ཆགས་སོང”

    2012ལོའི་ཟླ་6ཚེས་15ཉིན་རྡོལ་རྒས་བས་ནམ་ཡང་བརྗེད་མི་སྲིད། ཉིན་དེར་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་མང་ཚོགས་ཀྱིས་ཕྱུགས་ཟོག་མ་རྐང་ནང་ཞུགས་པ་དང་། ངལ་ནུས་མ་རྐང་ནང་ཞུགས་པ། རྩྭ་ར་མ་རྐང་ནང་ཞུགས་པ། དུད་སྦྲེལ་ཕྱུགས་འཚོ། རྩྭ་ར་བརྒྱུད་བཤུག་བཅས་ཀྱི་བྱེད་ཐབས་སྤྱད་ནས་མཉམ་ལས་ཁང་གཉེར་སྐྱོང་ནང་ཞུགས་པ་རེད། གྲོང་ཚོ་ཡོངས་ཀྱི་དུད་ཚང་108ཀྱི་མི་གྲངས་408ཚང་མས་རང་འགུལ་ངང་མཉམ་ལས་ཁང་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་དང་མ་རྐང་ནང་ཞུགས་པའི་མ་དངུལ་སྒོར་ཁྲི་1700ཟིན་ཡོད་པ་རེད།

    འདི་ལོ་ལོ་53ལ་སླེབས་པའི་ཐར་པའི་ཁྱིམ་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་ལ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའང་ཡིན་པ་རེད།

    མཉམ་ལས་ཁང་ནང་མ་ཞུགས་གོང་། ཐར་པའི་ཁྱིམ་ལ་སྨི་ངོས་གྲུ་60ཡོད་པའི་ཁང་པ་གཅིག་ལས་མེད། ནང་མི་བཞི་ཡོད་པ་ཚང་མ་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་700ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད།

    མཉམ་ལས་ཁང་ནང་ཞུགས་རྗེས་མཉམ་ལས་ཁང་གི“གཅིག་གྱུར་བརྒྱད”ཀྱི་འཁོར་རྒྱུག་རྣམ་པ་གཞིར་བཟུང་བ་སྟེ། ངལ་རྩོལ་ནུས་ཤུགས་གཅིག་གྱུར་བཀོད་སྒྲིག་དང་། རྩྭ་ར་གཅིག་གྱུར་དོ་དམ། ཕྱུགས་ལས་ཐོན་རྫས་གཅིག་གྱུར་ཕྱིར་ཚོང་། གཉེར་སྐྱོང་ཡོང་འབབ་གཅིག་གྱུར་བགོ་བཤའ། འབྲོག་ལས་སྒྲིག་བཀོད་གཅིག་གྱུར་བེད་སྤྱོད། སྐྱས་སྤོས་སྡོད་ཁང་གཅིག་གྱུར་བཀོད་སྒྲིག ངལ་ནུས་མེད་པའི་མི་སྣ་དང་མི་ཧྲེང་རྒན་རྒོན་གཅིག་གྱུར་འཚོ་སྐྱོང་། སློབ་གྲྭ་འགྲིམ་མུས་ཀྱི་སློབ་མ་གཅིག་གྱུར་སྐར་བསགས་བཅས་ཀྱི་བླང་བྱ་ལྟར་ཐར་པས་རང་ཁྱིམ་གྱི་རྩྭ་ར་མུའུ་2919དང་། འབྲི་གཡག་10 ལུག་100 རྟ་1དེ་བཞིན་ཕྱུགས་འཚོ་སའི་ཁང་པ་དང་འབྲོག་ལས་སྒྲིག་བཀོད་སོགས་ཚང་མ་མཉམ་ལས་ཁང་ལ་སྤྲད་པ་རེད།

    མཉམ་ལས་ཁང་གིས་ཐར་པ་དང་། ཁོང་གི་བཟའ་ཟླ། བུ་བཅས་ཕྱུགས་འཚོ་བར་བཏང་ཡོད། ལོ་གཅིག་ནང་མི་གསུམ་གྱིས་ཕྱུགས་འཚོ་བར་སྐར་མ་ཁྲི་2ལྷག་ཙམ་བསགས་ནས་དངུལ་སྨར་ལ་ཕབ་ན་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་གྱི་ཡོད། བུ་མོ་ངག་དབང་ལྷ་མོས་རྫོང་གྲོང་གི་ལང་ཆིན་ཀུང་སིར་གླ་པར་བསྐྱོད་དེ་ཟླ་རེར་གླ་ཕོགས་སྒོར་2700ཡོད་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད། ན་ནིང་བུ་ཡང་ཕྱིར་གླ་པར་བསྐྱོད་དེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2.5བྱུང་བའི་ཐོག་ཡོང་འབབ་གཞན་དག་བསྣན་ན་ལོ་གཅིག་ལ་ནང་མི་ཡོངས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་11ཙམ་ཟིན་གྱི་ཡོད། 2016ལོར་ཐར་པའི་ཁྱིམ་ཚང་དབུལ་སྒྲོལ་ཐུབ་ཡོད།

    “ད་ཆ་ང་ཚོའི་གྲོང་ཚོར་སྣུམ་ནག་ལམ་དང་གློག་ཤར་གཏོང་ཐུབ་པ་མ་ཟད། རང་འབབ་ཆུ་ཀ་ལའང་ཡོད། ངའི་ཁྱིམ་དུ་ཁང་པ་གསར་པ་བརྒྱབ་པ་དང་རླངས་འཁོར་ཉོས་པ་མ་ཟད། ད་དུང་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཉོས་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་སོང་། མཉམ་ལས་ཁང་ཡོད་པ་ལས་ང་དང་ང་ཚོའི་གྲོང་ཚོ་ཚང་མ་ཕྱུག་པོ་ཆགས་སོང”ཞེས་ཐར་པས་སེམས་འགུལ་ཐེབས་པའི་ངང་བཤད།

    ཐར་པ་ནི་རྡོལ་རྒས་གྲོང་ཚོའི་ཕྱུགས་འཚོ་མཁན་144ཡི་གྲས་ཤིག་རེད། རྡོལ་རྒས་གྲོང་ཚོར་ཁྱོན་ངལ་ནུས་218ཡོད་པ་དང་མཉམ་ལས་ཁང་བཙུགས་རྗེས། ཕྱུགས་འཚོ་མཁན་144ཡོད་པ་དང་། མཉམ་ལས་ཁང་དུ་ལས་ཀར་འགྲོ་མཁན་37ཡོད་པ། ངལ་ནུས་ཕྱིར་གཏོང་བྱེད་མཁན་37ཡོད་པ་བཅས་རེད། 2019ལོར་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་716.9ཟིན་པ་དང་འབྲོག་ལས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་218ཟིན་ཡོད།

    “འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཏེ་ངལ་ནུས་བཅིངས་འགྲོལ་འོས་འཚམ་བཏང་སྟེ་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་བྱུང་བ་མ་ཟད། མང་ཚོགས་ཀྱི་ལས་ཞུགས་འདུ་ཤེས་ཀྱང་བསྒྱུར་བ་དང་འབྲོག་ལས་ཐོན་སྐྱེད་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱུང་བ། སྣ་མང་གཉེར་སྐྱོང་ལ་སྐུལ་ཁྲིད་ཐུབ་པ། མང་ཚོགས་དབུལ་སྒྲོལ་འབབ་འཕར་ལ་སྐུལ་འདེད་ཐུབ་ནས་2017ལོར་རྡོལ་རྒས་གྲོང་ཚོའི་དུད་ཚང་26གི་མི་གྲངས་111ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2019ལོར་རྡོལ་རྒས་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14095.7ཟིན་པ་དང་དངུལ་སྨར་གྱི་ཡོང་འབབ་སྒོར་8457.4ཟིན་ཡོད”ཅེས་ཕུར་བུ་གྲོང་རྡལ་གྱི་ཀྲེན་ཀྲང་དབྱང་ཞུས་ཀྱིས་གསར་འགོད་པར་བཤད།

    “སྣ་མང་གཉེར་སྐྱོང་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིག་ཏུ་གྱུར་པ”

    མཉམ་ལས་ཁང་བཙུགས་མ་ཐག་རྡོལ་རྒས་གྲོང་ཚོའི་འཕེལ་རྒྱས་དང་འཚམ་པའི་དབུལ་སྒྲོལ་ལམ་བུ་ཞིག་གཏན་འཁེལ་བྱས་པ་སྟེ། འབྲོག་ལས་ལྟེ་བར་བྱེད་པ་དང་། སྣ་མང་གཉེར་སྐྱོང་གཙོ་བོར་བྱེད་པ། སློབ་གསོ་རྩ་བར་འཛིན་པ། ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ཤིག་རེད། སྣ་མང་གཉེར་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཐོན་ལས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས་མང་ཚོགས་དབུལ་པོའི་ཡོང་འབབ་ཉིན་རེ་བཞིན་མང་དུ་ཕྱིན་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལས་རོགས་ཡག་པོ་ཞིག་ཏུ་གྱུར་ཡོད།

    རྫོང་གྲོང་དུ་གནས་པའི་ཕུར་བུ་གྲོང་རྡལ་སེར་གླིང་མཚོ་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་རྟེན་གཞིར་སྐྱོད་སྐབས་ཀརྨ་ཕུན་ཚོགས་ཀྱིས་དགེ་ཕྲུག་ཚེ་རིང་བཟང་པོ་དང་མཉམ་དུ་བོད་ཆས་བཟོ་བཞིན་འདུག དེ་ཙམ་ཆེན་པོ་མེད་པའི་ཁང་པའི་ནང་བོད་ཆས་དང་། བོད་ཞྭ། པགས་ཚག་སོགས་ཀྱི་ལག་ཤེས་ཐོན་རྫས་བཀལ་འདུག

    འདི་ལོ་ལོ་56ལ་སླེབས་པའི་ཀརྨ་ཕུན་ཚོགས་ཁྱིམ་དུ་ནང་མི་6ཡོད་པ་དེ་དག་ནི་2016ལོར་རྡོལ་རྒས་གྲོང་ཚོ་ནས་རྫོང་གྲོང་གི་མ་མཐིལ་ཁུལ་ཆུང་དུ་སྤོས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ཞིག་ཡིན་པ་རེད། དེ་སྔ་ཁྱིམ་དུ་སྨི་ངོས་གྲུ་60ཡོད་པའི་ཁང་མིག་གོག་ཧྲུལ་གཉིས་དང་། རྩྭ་ར་མུའུ་3337 ཕྱུགས་རིགས་མགོ་གྲངས་90བཅས་ཡོད། ཚང་མ་འབྲོག་ལས་ཡོང་འབབ་ལ་བརྟེན་དགོས་པ་ལས་ཁྱིམ་གྱི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ལྔ་བརྒྱ་དྲུག་བརྒྱ་ལས་མེད།

    མཉམ་ལས་ཁང་བཙུགས་རྗེས། དབང་པོར་སྐྱོན་ཡོད་པའི་ཀརྨ་ཕུན་ཚོགས་སེར་གླིང་མཚོའི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་རྟེན་གཞིར་ལས་ཀར་བཅུག་པ་དང་ཉིན་ལྟར་ལས་ཀའི་སྐར་མ་10ཡོད་པས་ན་ནིང་སྐར་མ་4300ལྷག་ཙམ་ཟིན་པའི་ཁར་ཕྱིར་ཚོང་གི་བྱ་དགའི་སྐར་མ་བསྣན་ནས་དངུལ་སྨར་ལ་ཕབ་ན་ཡོང་འབབ་སྒོར་ཁྲི་7.2ལྷག་ཙམ་ཟིན་པ་དང་ཁྱིམ་ཚང་གི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ཡོད།

    “ད་ཆ་ང་རང་སྨི་ངོས་གྲུ་120ཟིན་པའི་ཁང་པ་གསར་པའི་ནང་སྤོས་པ་ཡིན། བུའི་ཞོར་ལས་ཡོང་འབབ་བསྣན་ན། ཁྱིམ་གྱི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད་པས། ད་ཆ་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ཏེ་2016ལོར་ང་ཚོའི་ཁྱིམ་ཚང་ཡང་དབུལ་སྒྲོལ་ཐུབ་བྱུང”ཞེས་ཀརྨ་ཕུན་ཚོགས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

    ཚོང་ཁང་དེ་2017ལོར་བཙུགས་པ་དང་མ་འཇོག་སྒོར་ཁྲི་5ལས་བཞག་མེད་པའི་ཚོང་ཁང་ལ་ད་ཆ་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་14ཟིན་པ་དང་ཕྱིར་ཚོང་གི་ཐོན་རྫས་60ལྷག་ཙམ་དང་སྣ་ཁ་10ལྷག་ཙམ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་གིས་སྣ་མང་གཉེར་སྐྱོང་རེ་ཞུ་དང་ལག་བསྟར་བྱས་པའི་ཐོན་ལས་རྣམ་གྲངས་གཙོ་བོར་ས་བབ་མཐོ་བའི་སྣོད་བཅུད་ཞིང་ལས་དཔེ་སྟོན་རྟེན་གཞི་དང་། ཁྱད་ལྡན་ལུག་རྒྱགས་གསོའི་རྟེན་གཞི། བུད་མེད་ཀྱིས་བཙུགས་པའི་བོད་ཟས་ཁང་། མི་རིགས་ལག་ཤེས་བཟོ་ལས་འཚེམ་བཟོའི་རྟེན་གཞི་སོགས་ཡོད་པ་དང་དུས་མཚུངས། ད་དུང་ཚོང་ཟོག་སྣ་མང་དང་། ཇ་ཁང་། ཕྱུགས་ལས་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། ངལ་ནུས་ཕྱིར་གཏོང་སོགས་སྣ་མང་གཉེར་སྐྱོང་གི་རྣམ་གྲངས་ཀྱང་ཡོད།

    “མཉམ་ལས་ཁང་གི་འཕེལ་རྒྱས་མདུན་ལམ་ལ་མི་རྣམས་ཀྱིས་རེ་སྒུག་བྱེད་པ”

    2018ལོའི་ཟླ་3པར། རྡོལ་རྒས་གྲོང་ཚོས་བྱ་ཁྱུང་གྲོང་རྡལ་གྱི་གྲོང་ཚོ་5དང་པན་ཧྲོང་མཉམ་ལས་ཁང་དང་མཉམ་དུ་དཀར་མཚོ་འབྲོག་ལས་འཕེལ་རྒྱས་ཀུང་སི་བཙུགས་ནས་ཐོ་འགོད་མ་དངུལ་སྒོར་ཁྲི་1800ཟིན་ཡོད། ཀུང་སིས་གཙོ་བོ་མི་རིགས་ལག་ཤེས་བཟོས་རྫས་ལས་སྣོན་དང་། གསོ་ཚགས་དང་འདེབས་འཛུགས། བཟའ་བཏུངས་། སྐྱེད་ཚལ་སྔོ་འགྱུར། སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་སོགས་བྱེད་ཀྱི་ཡོད།

    “མཉམ་ལས་ཁང་འཕེལ་རྒྱས་ངེས་ཅན་བྱུང་རྗེས་ཀུང་སི་འཛུགས་རྒྱུ་རེད། ‘ཁེ་ལས་དང་། མཉམ་ལས་ཁང་། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི’ཐོན་ལས་ཅན་གྱི་གཉེར་སྐྱོང་མ་ལག་ལ་བརྟེན་ནས་གཉེར་སྐྱོང་ཚད་ལྡན་དང་སྤུས་རྟགས་བཏོད་ཐོག འབྲོག་པར་ཐོན་ལས་ཅན་གྱི་གཉེར་སྐྱོང་ཁྲོད་ནས་དངོས་ཕན་དེ་བས་མང་བ་ཐོབ་པར་བྱས་ཏེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད”ཅེས་དཀར་མཚོ་འབྲོག་ལས་འཕེལ་རྒྱས་ཀུང་སིའི་ཏུང་ཧྲི་ཀྲང་བསམ་གྲུབ་དར་རྒྱས་ཀྱིས་གསར་འགོད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཕུར་བུ་གྲོང་རྡལ་དུ་མིག་སྔར་མཉམ་ལས་ཁང་སྣ་ཚོགས་10ཡོད་པ་དེས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་490ཡི་མི་གྲངས་1609དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། 2019ལོར་གྲོང་རྡལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་12229ཟིན་ཡོད། རྡོལ་རྒས་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14095.7ཟིན་པ་དེ་གྲོང་རྡལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལས་སྒོར་2000ཙམ་གྱིས་མཐོ་བ་ཡོད་པ་རེད།

    “ཤང་རེར་ཚོགས་པ་རེའི”རྣམ་པ་ལྟར། ཕུར་བུ་གྲོང་རྡལ་གྱིས་2017ལོའི་ཟླ་6པར་ཅང་ཁང་ཏུང་ཕུའུ་པའོ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི་300ཟིན་ཡོད་པ་རེད། 2019ལོར་མི་རེར་ཁེ་སྤོགས་བགོ་བཤའ་སྒོར་200བརྒྱབ་ཡོད། མིག་སྔའི་བར། ཀུང་སིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཁེ་སྤོགས་ཐེངས་4བགོས་པ་རེད། ཁེ་སྤོགས་སྒོར་ཁྲི་84བགོ་བཤའ་བརྒྱབ་པ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་523.3དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1704.5བྱུང་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་པ་སངས་ཀྱི་ཁྱིམ་ལ་མི་8ཡོད་པས་ན་ནིང་གནས་སྤོས་དབུལ་སྐྱོར་ཁོ་ནའི་ཁེ་སྤོགས་སྒོར་1600བགོ་བཤའ་བརྒྱབ་ཡོད།

    “གྲོང་ཚོ་རེར་མཉམ་ལས་ཁང་རེའི”ཁྲོད་ནས་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང“ཤང་རེར་ཚོགས་པ་རེའི”ཁྲོད་ནས་ཁེ་སྤོགས་བགོ་བའི་རིམ་པ་གཉིས་ཀྱི་ཁེ་སྤོགས་བགོ་བའི་བྱེད་ཐབས་ལས་མང་ཚོགས་ལ་འབྲོག་ལས་སྒྱུར་བཅོས་ཁྲོད་ནས་ཕན་པ་ཐོབ་པ་དང་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། 2014ལོའི་ཟླ་12པར། རྡོལ་རྒས་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང“རྒྱལ་ཁབ་ཀྱི་དཔེ་སྟོན་ཁང”ལ་བདམས་པ་དང་2015ལོར“ལྗོངས་ཡོངས་ཀྱི་དབུལ་སྐྱོར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”དང“ནག་ཆུ་ས་ཁུལ་གྱི་ཐོན་ལས་ཅན་གྱི་སྔོན་ཐོན་མཉམ་ལས་ཁང”གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    “མཉམ་ལས་ཁང་གི་འཕེལ་རྒྱས་མདུན་ལམ་ལ་མི་རྣམས་ཀྱིས་རེ་སྒུག་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་ང་ཚོས་འབྲོག་ལས་མཉམ་ལས་ཁྱབ་གདལ་དང་། ཐོན་ཁུངས་བསྡུ་སྒྲིལ། དཔེ་སྟོན་གསར་གཏོད། དྲ་ཐོག་ཁྲོམ་ར་གསར་འབྱེད་བཅས་ཕྱོགས་བཞིའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ་ཡིན། སྒྲིག་སྲོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་འཇོན་ཐང་ཆེ་རུ་བཏང་ནས་གཅིག་གྱུར་གྱི་ས་བོན་དང་། གཅིག་གྱུར་གྱི་ལག་རྩལ་གསོ་སྦྱོང་། གཅིག་གྱུར་གྱི་ཐོན་སྐྱེད་ཚད་གཞི། གཅིག་གྱུར་གྱི་སྤུས་རྟགས། གཅིག་གྱུར་གྱི་ཕྱིར་འཚོང་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་ཕྱུགས་རིགས་ས་ཁོངས་ཅན་གྱི་བཀོད་པ་དང་། ཆེད་ལས་ཅན་གྱི་ཐོན་སྐྱེད། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་མཉམ་ལས་ཁང་གི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཐོག་མང་ཚོགས་དེ་བས་མང་བ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད” ཅེས་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་གི་འགན་འཁུར་བ་བསམ་གྲུབ་དར་རྒྱས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།