སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོ་དེ་ས་བབ་མཐོ་ཚད་སྨི་4600ཟིན་པའི་བྱང་ཐང་གི་ལྟེ་བར་གནས་ཤིང་། ས་མཐོའི་གྲོང་ཚོ་མང་པོའི་ཁྲོད་འཆམ་གུག་གྲོང་ཚོར་དམིགས་བསལ་གང་ཡང་མེད།
2015ལོའི་ཟླ་11པར་དགུན་ཁ་ཤར་བའི་ས་མཐོ་ནི་ནམ་རྒྱུན་བཞིན་གྲང་ངར་ཧ་ཅང་ཆེ་ཡང་། ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་སྙིང་སྟོབས་རབ་ཏུ་འཕེལ་བ་དང་ངར་ཤུགས་ཀྱིས་ཁེངས་ནས་འབྲོག་ཁུལ་གྱི་སྒྱུར་བཅོས་ཚོད་ལྟའི་གྲོང་ཚོའི་རྣམ་གྲངས་བརྩོན་ལེན་བྱས། འབྲོག་ཁུལ་སྒྱུར་བཅོས་བརྟག་ཞིབ་ཚོགས་ཆུང་ལ་གནས་ཚུལ་ཚུར་ལན་བྱེད་སྐབས་ཉི་མ་དོན་གྲུབ་ཀྱིས་སྤོབས་པ་ཆེན་པོས“འཆམ་གུག་གྲོང་ཚོར་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡག་པོ་ཡོད་པས་མཉམ་སྡེབ་དཔལ་འབྱོར་ལ་གྲུབ་འབྲས་ཡག་པོ་ཐོབ་ངེས་རེད”ཅེས་བརྗོད།
དེ་ནས་འབྲོག་ཁུལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་འཆམ་གུག་གྲོང་ཚོར་སྤེལ་འགོ་ཚུགས།
གོ་སྐབས་རག་རྗེས་ཉི་མ་དོན་གྲུབ་ཀྱིས་འཕྲལ་མར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྐོང་བསྡུ་བྱས་ཏེ་འབྲོག་ལས་སྒྱུར་བཅོས་ཇི་ལྟར་བྱེད་པའི་ལས་དོན་ལ་གྲོས་བསྡུར་བྱས་པ་རེད། ཆུ་ཚོད་གཅིག་རིང་གྲོས་བསྡུར་བྱས་པ་བརྒྱུད་ཚོགས་འདུའི་ཐོག་སྐད་ཆ་ཤོད་མཁན་ཉུང་དུ་སོང་ནས་ཚང་མར་ཐེ་ཚོམ་མང་པོ་ཡོད་པ་མཐོང་སྐབས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་འགན་ལོ་མང་པོ་འཁུར་མྱོང་བའི་ཉི་མ་དོན་གྲུབ་དངངས་འཚབ་ཕྲན་བུ་ལངས་ནས“སྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཚོ་བརྩོན་ལེན་བྱེད་དོན་ནི་ང་ཚོའི་གྲོང་ཚོར་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་5000ཡང་ཟིན་གྱི་མེད་པ་དང། ལྟ་རྟོག་བྱེད་མཁན་མེད་པའི་མི་ཧྲེང་རྒན་རྒོན་21ཡོད་པ། སློབ་ལོ་ལོན་པའི་སློབ་མ་སློབ་གྲྭར་འགྲོ་མཚམས་ཆད་པ་སོགས་ཀྱི་གནད་དོན་མང་པོ་ཐོན་གྱི་ཡོད་ལ། ད་དུང་མང་ཚོགས་དབུལ་པོ་རེ་ཟུང་གིས་ཁྱིམ་དུ་རོགས་སྐྱོར་བྱ་རྒྱུར་སྒུག་པ་སོགས་ལ་བསམ་གཞིག་བྱས་པ་ཞིག་རེད། དེ་འདྲའི་དོན་དག་ཡག་པོ་ཞིག་ལ་ཐེ་ཚོམ་བྱེད་དོན་གང་ཡིན་ནམ”ཞེས་བརྗོད།
ཚོགས་འདུའི་ཐོག་མཐར་བསམ་བློ་གཅིག་གྱུར་བྱུང་བ་དང་། ཉི་མ་དོན་གྲུབ་ཀྱིས་འཆམ་གུག་གྲོང་ཚོའི་གྲོང་མིའི་སྣེ་ཁྲིད་དེ་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས་མ་མཐར་ཡང་དབུལ་སྒྲོལ་གྱི་ཚད་གཞི་ལོན་ཐུབ་པའི་སེམས་ཐག་བཅད་པ་རེད། ཁོང་གིས་ཚང་མར་བསྔགས་སྐུལ་བྱེད་བཞིན“རྫོང་གིས་རང་རེའི་གྲོང་ཚོ་ནས་ཚོད་ལྟ་བྱེད་འགོ་ཚུགས་པ་དེ་ལས་ང་ཚོའི་གྲོང་ཚོར་ཡིད་ཆེས་བྱས་པ་མཚོན་གྱི་ཡོད་པས་ང་ཚོར་དཀའ་ངལ་འཕྲད་དུས་ཕྱིར་འཐེན་བྱེད་མི་རུང་ལ། ཕམ་ཁ་ལ་དེ་བས་སྐྲག་མི་རུང་། སྒྱུར་བཅོས་བྱེད་པར་རྒྱལ་ཁ་ཐོབ་སྲིད་པ་དང་ཕམ་ཉེས་ཀྱང་འཕྲད་སྲིད་པས་ང་ཚོས་ལྷག་བསམ་རྣམ་དག་གིས་གྲོང་མིར་བྱ་བ་བསྒྲུབ་པ་ཡིན་ན་གྲོང་མིས་ང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ངེས་རེད”ཅེས་བརྗོད།
2016ལོར་ཉི་མ་དོན་གྲུབ་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་དེ་གྲོང་ཚོའི་ཁ་ཐོར་དུ་གནས་པའི་ཆེད་ལས་རྩ་འཛུགས་བསྡུ་རུབ་བྱས་པ་མ་ཟད། “འཆམ་གུག་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང”བཙུགས་པ་རེད།
གྲོང་ཚོའི་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་2016ལོར་མཉམ་ལས་ཁང་གཉེར་སྐྱོང་བྱེད་འགོ་བཙུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ནས་འཆམ་གུག་གྲོང་ཚོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་130ཙམ་ཟིན་ཏེ་གྲོང་ཚོས་དེ་ནས་སྒོར་ཁྲི་105འབྲོག་པ་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་རེད།
2017ལོར་འཆམ་གུག་གྲོང་ཚོ་དེ་སྒེར་རྩེ་རྫོང་གི་དབུལ་ཞྭ་ཕུད་པའི་གྲོང་ཚོ་དང་པོར་གྱུར་བ་དང་། སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཚུད་མེད་པའི་འོག་གྲོང་ཚོ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.4ལྷག་ཙམ་ཟིན་ནས་འཆམ་གུག་གྲོང་ཚོ་ཕྱུག་འགྱུར་འབྱོར་འབྲིང་གི་མགྱོགས་ལམ་ཐོག་བསྐྱོད་པ་རེད། འབྲོག་ཁུལ་སྒྱུར་བཅོས་ཀྱི་ཕན་འབྲས་སྐོར་གླེང་སྐབས་དེ་སྔ་དུད་ཚང་དབུལ་པོ་ཡིན་པའི་བློ་བཟང་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“འབྲོག་ཁུལ་དུ་སྒྱུར་བཅོས་མ་བྱས་གོང་ང་ཚོ་ནང་མི་གཉིས་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་སྲིད་ཇུས་ཀྱི་ཁ་གསབ་རོགས་སྐྱོར་ལ་བརྟེན་ནས་འཚོ་བ་བསྐྱལ་ཏེ་ཇ་ཐང་འཐུང་བ་ལས་ཇ་སྲུབ་མ་འཐུང་རྒྱུ་མེད་ལ། སྐབས་རེ་ཚོང་ཁང་ནས་ཅིན་ལིས་མར་ཕྲན་བུ་ཉོས་ཏེ་འཐུང་བ་དང་ལོ་ལྟར་ལུག་གཉིས་གསུམ་གྱི་དགུན་ཤ་ལས་མེད་ལ་ཕལ་ཆེ་བ་སྤུན་མཆེད་ཀྱི་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད། ད་ཆ་མར་ཁོ་ན་རྒྱ་མ་50དང་དགུན་ཁར་ལུག་32བགོ་རྒྱུ་ཡོད་ལ། ཁེ་སྤོགས་དང་དངུལ་སྨར་ཡོང་འབབ་གཞན་དག་བསྡོམས་སྒོར་ཁྲི་3ལྷག་ཙམ་ཡོད”ཅེས་བཤད།
ཉི་མ་དོན་གྲུབ་ལ་སྤོབས་སེམས་ཆེ་ཤོས་སྐྱེ་འོས་པའི་བྱ་བ་ཞིག་ནི་འབྲོག་པས་སློབ་གསོར་མ་དངུལ་གཏོང་འདོད་མེད་པའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་ཆེད་ཁོང་གིས་བཏོན་པའི་དུད་ཚང་དབུལ་པོའི་བུ་ཕྲུག་སློབ་གྲྭར་འགྲོ་བར་རྒྱལ་ཁབ་ཀྱི་“འགན་ལེན་གསུམ་གྱི”སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད་མཉམ་ལས་ཁང་དུ་ཞུཌ་རྗེས་སྐར་ཐོ་འགོད་ཐབས་ལྟར་སློབ་མ་རེར་དམིཌ་བསལ་གྱི་སྐར་མ་བརྒྱ་འགོད་པའི་གྲོས་འགོ་མཉམ་ལས་ཁང་གིས་བསྡུ་ལེན་བྱས་པ་དེ་རེད། སྐར་ཐོ་གཅིག་ལ་སྒོར་16ཡོད་པ་དང་དུད་ཚང་དབུལ་པོར་ཕྲུ་གུ་གཅིག་སློབ་གྲྭར་འགྲོ་ཡི་ཡོད་ཕྱིན་སྒོར་1600རག་གི་ཡོད། བྱེད་ཐབས་དེ་ལས་གནད་སྨིན་དབུལ་སྐྱོར་གྱི་གཙོ་གནད་ནི་བློ་སྐྱོར་རིག་སྐྱོར་ཡིན་པའི་འདུ་ཤེས་མཚོན་པ་མ་ཟད། ད་དུང་ཡུལ་དེའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
2018ལོའི་ཟླ་11པར་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་སྒོ་དབྱེར་ཕུལ་བྱུང་ལེགས་སྐྱེས་འབུལ་མྱོང་བའི་མི་སྒེར་ཁག་གཅིག་ལ་གཟེངས་བསྟོད་གནང་བ་དང་། བོད་དུ་གཟེངས་བསྟོད་དེ་ཐོབ་མཁན་གཉིས་ཡོད་པ་ཁོང་གཉིས་པོ་ནི་མངའ་རིས་ས་ཁུལ་དུ་ཡུན་རིང་ལས་ཀ་བྱེད་མྱོང་མཁན་ཀྲུང་གུང་ཏང་ཡོན་ཡིན་པ་སྟེ། གཅིག་ནི་ཀུན་ལ་རྒྱུས་མངའ་ཆེ་བའི་བློ་མཐུན་ཁུང་ཧྥན་སེན་ཡིན་པ་དང་། གཅིག་ཤོས་ནི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཉི་མ་དོན་གྲུབ་རེད།