དབུ་ཤོག>ཆེད་སྒྲིག
  • “བློ་སྐྱོར་དང་རིག་སྐྱོར”བྱས་པས་བདེ་སྐྱིད་མེ་ཏོག་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-08

    749406_yis_1594092724605_s.jpg

    འདི་ནི་གྲོང་འབེལ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཡིན་པ། 

    ཞོཌ་པ་གསར་འགོད་པ་དང་བཅས་པ་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་གྲོང་འབེལ་གྲོང་ཚོར་སླེབས་སྐབས་གྲོང་གསེབ་ལམ་གྱི་གཡས་གཡོན་གཉིས་སུ་དཀར་རག་དང་གཙག་དམར་གྱིས་བརྒྱན་པའི་བོད་བཟོའི་ཐོག་ཁང་གྲལ་འགྲིག་པོར་གནས་པ་དང་ཁང་པའི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་མཐོང་བྱུང་།

    གྲོང་འབེལ་གྲོང་ཚོ་དང་རྫོང་གྲོང་དབར་བར་ཐག་སྤྱི་ལེ་5ལས་མེད་ལ་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། ལོ་འགའི་གོང་གྲོང་ཚོའི་དུད་ཚང་བཞི་ཆ་གཅིག་ཙམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། གྲོང་འབེལ་གྲོང་ཚོས་འཚོལ་ཞིབ་དང་ལག་ལེན་ཟམ་མི་ཆད་པར་བྱས་པ་བརྒྱུད་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ལམ་བུ་རིམ་བཞིན་འཚོལ་ཞིབ་ཐུབ་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་93དེ་དག་2018ལོའི་ལོ་མཇུག་ཏུ་བདེ་བླག་ངང་དབུལ་ཞྭ་ཕུད་ཐུབ་པ་བྱུང་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.1ཟིན་ཡོད་པ་རེད།

    ལྟ་བར་འགྱུར་ལྡོག་བཏང་ནས་དཀའ་སྤྱད་ཕྱུག་འགྱུར་བྱུང་བ།

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱེད་རིང་གྲོང་འབེལ་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུད་ཚང་དུ་སྒྲོག་འགྲེལ་བྱས་ནས་སྣེ་ཁྲིད་དེ་མང་ཚོགས་ཀྱི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་བཏང་བས་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་ཐུབ་པ་བྱུང་ཡོད།

    གྲོང་འབེལ་གྲོང་ཚོའི་འགྱུར་ལྡོག་ཆེ་ཤོས་ནི་ཝང་ཀུའེ་ཡིའུ་ལ་བྱུང་བ།

    ཝང་ཀུའེ་ཡིའུ་ཡི་ཁྱིམ་དུ་སྐྱོད་སྐབས་སྒོ་ཐོག་ཏུ“སྤྱོད་བཟང་དུད་ཚང”ཞེས་པའི་བྱང་བུ་བཀལ་ཡོད་པ་དང་སྒོ་ར་གཙང་ལ་གྲལ་འགྲིག་པ་ཞིག་འདུག “དེ་སྔ་ཆང་རག་ཁོ་ནར་རོལ་བ་ལས་ལས་ཀ་གཞན་གང་ཡང་བྱེད་ཀྱི་མེད”ཅེས་ཝང་ཀུའེ་ཡིའུ་ཡིས་བཤད། བཟའ་ཟླ་གཟུགས་པོ་སྐྱོ་བའི་ཁར་བུ་སློབ་གྲྭར་བསྐྱོད་དགོས་པས་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། 2015ལོར་ཁོང་གི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་བཅུག་ཡོད་པ་རེད།

    སྐབས་དེ་དུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་དབང་འདུས་ཀྱིས་གནས་ཚུལ་དེ་ཤེས་རྗེས་ཝང་ཀུའེ་ཡིའུ་ཡི་ཁྱིམ་དུ་ཐེངས་མང་བསྐྱོད་དེ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱས་པ་དང་ཁོང་ལ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    ཚེ་རིང་དབང་འདུས་ཀྱི་རོགས་རམ་འོག་ཝང་ཀུའེ་ཡིའུ་ཡིས་ཆང་རག་དང་སྒྱིད་ལུག་གི་སྐྱོན་ཆ་རྣམས་སྤངས་ནས་2018ལོར་གྲོང་ཚོའི་བྱེ་རྡོ་བཟོ་གྲྭར་ལས་ཀར་ཞུགས་པ་དང་ཟླར་ཡོང་འབབ་སྒོར་3000རག་པ་དང་བཟའ་ཟླ་ཟླ་མཚོས་ཀྱང་བུད་མེད་ཀྱི་ལག་ཤེས་འཛིན་གྲྭ་ནས་བསླས་འཐག་ལག་རྩལ་སྦྱངས་ནས་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཤིས་བཟང་གིས“ཝང་ཀུའེ་ཡིའུ་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང་། ད་ཆ་ད་དུང་གྲོང་ཚོས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་ཁག་ནང་ཧུར་ཐག་ཞུགས་ནས་རང་ཉིད་དཔེར་དྲངས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་སྤྱད་ཕྱུག་འགྱུར་གྱི་ཡིད་ཆེས་འཕེལ་རོགས་བྱེད་ཀྱི་ཡོད”ཅེས་བཤད།

    འདི་ལོའི་ཟླ་5པར་ཝང་ཀུའེ་ཡིའུ་སླར་ཡང་སོ་ཕག་བཟོ་གྲྭར་སོ་ཕག་དབོར་བར་བསྐྱོད་དེ་ཟླ་གཅིག་ལ་ཡོང་འབབ་སྒོར་5000ལྷག་ཙམ་ཡོང་གི་ཡོད་པ་རེད། ཁོང་གིས་དངུལ་དེ་དག་ལས་འཚོ་བའི་འགྲོ་གྲོན་ཕུད་དེ་བྱིངས་ཀྱིས་ཁྱིམ་དུ་དུག་སེལ་སྒམ་དང་། ཆུ་ཚ་པོ་བཟོ་ཆས། ཅོག་ཙེ་སོགས་ཉོས་ཡོད། ཁོང་གིས“རྒྱལ་ཁབ་ཀྱིས་རང་ཉིད་ལ་རོགས་རམ་གནང་བ་དང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ལས་འཚོ་བ་ལེགས་སུ་ཕྱིན་སོང”ཞེས་བཤད།

    རྩལ་ནུས་སྦྱངས་ནས་འབབ་འཕར་བརྟན་པོ་ཡོང་བར་བྱས་པ།

    ལོ་51ལ་སླེབས་པའི་མཚོ་མོས་དྲན་གསོ་བྱེད་བཞིན“བཟའ་ཚང་ཁ་བྲལ་རྗེས་ཁྱིམ་དུ་ང་རང་དང་བུ་ལས་མེད། ངའི་གཟུགས་པོ་ཡག་པོ་མེད་པའི་ཁར་རྩལ་ནུས་ཀྱང་མ་ཤེས་པ་དང་བུ་སློབ་གྲྭར་བསྐྱོད་དགོས་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད”ཅེས་བཤད།

    2017ལོར་མཚོ་མོའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་བཅུག

    2018ལོའི་ལོ་འགོར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྐུལ་ལྕག་འོག་མཚོ་མོ་གྲོང་ཚོས་བཙུགས་པའི“གནད་སྨིན་དབུལ་སྐྱོར། བུད་མེད་ལག་རྩལ་མཁས་ཅན”ཞེས་པའི་ཕྲེང་རྡོག་རྒྱུ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་པ་རེད། ཟླ་བ་གཅིག་ཙམ་སློབ་སྦྱོང་བྱས་རྗེས་ཁོང་གིས་ཤོག་བུ་དང་། སྨྱུ་གུ། ཤིང་ཏོག་སོགས་བླུགས་སྣོད་བཟོ་བའི་ལག་རྩལ་ཁོང་དུ་ཆུད།

    མཚོ་མོས“ཏོག་ཙམ་སོང་རྗེས་གྲོང་ཚོའི་ལས་བྱེད་པས་སྒོ་རྩར་ང་ཚོས་བཟོས་པའི་ཅ་དངོས་བླུགས་སྣོད་ཉོ་བར་ཡོང་གི་རེད། དེ་ཁོ་ན་ལས་ལོར་ཡོང་འབབ་སྒོར་5000ཙམ་ཡོང་གི་འདུག”ཅེས་བཤད།

    2018ལོར་མཚོ་མོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཡོང་འབབ་བརྟན་པོ་བྱུང་སྟེ་དབུལ་ཞྭ་ཕུད།

    “ཉ་སྟེར་བ་ལས་ཉ་གསོ་སྟངས་བསླབ་པ་དགའ”མཚོ་མོ་དབུལ་སྒྲོལ་བྱུང་བ་དེ་གྲོང་འབེལ་གྲོང་ཚོའི“བློ་སྐྱོར་དང་རིག་སྐྱོར”ལས་དོན་གྱི་མཚོན་ཚུལ་ཙམ་རེད།

    ཉེ་བའི་ལོ་ཤས་རིང་གྲོང་འབེལ་གྲོང་ཚོས་བུད་མེད་ཀྱི་ཕྲེང་རྡོག་རྒྱུ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་དང་། མེ་ཏོག་འདེབས་འཛུགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ། མ་བྱན་གསོ་སྦྱོང་འཛིན་གྲྭ། འབྲི་ཏ་ས་འཛིན་འདེབས་འཛུགས་གསོ་སྦྱོང་འཛིན་གྲྭ་སོགས་བཙུགས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་རྩལ་ནུས་མཐོ་རུ་ནུས་ལྡན་བཏང་སྟེ་དབུལ་སྐྱོར་ཐད་གཞན་སྐུལ་དང་རང་འགུལ་ཟུང་འབྲེལ་བྱས་པས་མང་ཚོགས་ཀྱི་ཡོང་འབབ་ཟམ་མི་ཆད་པར་མང་དུ་ཕྱིན་པ་རེད།

    དམངས་ཕྱུག་ཐོན་ལས་ཀྱིས་དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་ཕྱིན་པ།

    “དེ་སྔ་གྲོང་ཚོའི་ནང་གི་ན་གཞོན་ཚོ་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚོད་ཡོལ་རྗེས་ལས་ཀ་གཞན་གང་ཡང་མེད་པས་ཉི་མ་གང་འཁྱོལ་བྱས་ནས་སྡོད་ཀྱི་ཡོད”ཅེས་བརྗོད་པ་དང་སྐབས་དེ་དུས་ཀྱི་གནས་ཚུལ་ལ་དྲན་གསོ་བྱེད་བཞིན་ཤེས་བཟང་གིས་གསལ་ཐིང་ངེར་ངེས་ཡོད།

    གནད་དོན་དེར་དམིགས་ནས་གྲོང་འབེལ་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་གྲོས་བསྡུར་དང་ཞིབ་འཇུག་གང་ལེགས་བྱས་རྗེས་2017ལོའི་ཟླ་7པར་གཞོན་ནུའི་འདོན་འཇུག་རུ་ཁག་བཙུགས་པ་རེད།

    དང་ཐོག་གཞོན་ནུའི་འདོན་འཇུག་རུ་ཁག་ལ་ཁོངས་མི་56ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་10ཡོད་པ་རེད། ཟླ་ཕྱེད་ཙམ་གསོ་སྦྱོང་རགས་ཙམ་བྱས་པ་བརྒྱུད་། རླངས་འཁོར་ནང་ཅ་དངོས་བླུགས་པ་དང་། འདོན་པ། མཛོད་ཁང་སྤོ་བ། ཁྱིམ་ཚང་སྤོ་བ་སོགས་འདོན་འཇུག་ལས་ཀ་ཉིན་རེ་བཞིན་ཚད་ལྡན་དུ་ཕྱིན་ཏེ་འདོན་འཇུག་རུ་ཁག་ལ་དགའ་བསུ་ཚད་མེད་ཐོབ། ལས་འགོ་བཙུགས་མ་ཐག་པའི་ཟླ་བ་གཉིས་ཁོ་ནར་ཡོང་འབབ་སྒོར་ཁྲི་12.8བྱུང་ནས་མི་རེའི་ཆ་སྙོམས་འབབ་འཕར་སྒོར་2285བྱུང་ཡོད་པ་རེད།

    “2019ལོར་ང་ཚོ་གཞོན་ནུའི་འདོན་འཇུག་རུ་ཁག་ལ་ཁོངས་མི་70ལྷག་ཙམ་ཡོད་པ་དང་བསྡོམས་ཡོང་འབབ་སྒོར་ཁྲི་42བྱུང་སྟེ་རུ་མི་ཚོའི་ལོའི་ཆ་སྙོམས་ཡོང་འབབ་དམའ་ཤོས་སྒོར་3000ཡན་ཟིན་ཡོད”ཅེས་ལོ་31ལ་སླེབས་པའི་གཞོན་ནུའི་འདོན་འཇུག་རུ་ཁག་གི་རུ་དཔོན་དགེ་ལེགས་ཀྱིས་བཤད།

    གཞོན་ནུའི་འདོན་འཇུག་རུ་ཁག་བཙུགས་པ་ཕུད་གྲོང་འབེལ་གྲོང་ཚོའི་དབུལ་སྐྱོར་བྱེད་རྡོ་ར་བའང་2017ལོའི་ཟླ་4པར་ཐོན་སྐྱེད་བྱེད་འགོ་ཚུགས། ལོ་གཅིག་གི་ཐོན་སྐྱེད་གཉེར་སྐྱོང་བརྒྱུད་ཡོང་འབབ་སྒོར་ཁྲི་150བྱུང་ནས་བྱེ་རྡོ་ར་བར་ལས་ཀ་བྱེད་མཁན་མང་ཚོགས་དབུལ་པོ་6ལ་མི་རེར་ཟླ་རེར་གཏན་འཇགས་ཡོང་འབབ་སྒོར་3500བྱུང་ཡོད་པ་རེད།

    རྐང་པ་ཐང་པོ་མེད་པའི་གནམ་གང་བློ་གྲོས་དེ་སྔ་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་། ཡར་བརྩོན་གྱི་སེམས་ཤུགས་ཆེ་བའི་ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རེ་བྱེད་མོད། འོན་ཀྱང་རྐང་པ་ཐང་པོ་མེད་པའི་དབང་གིས་ལས་ཀ་འཚོལ་བར་དཀའ་ངལ་འཕྲད།

    དེ་རྗེས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་རོགས་རམ་འོག་གནམ་གང་བློ་གྲོས་ཀྱིས་དབུལ་སྐྱོར་བྱེ་རྡོ་ར་བའི་བཟོ་པ་ཚོའི་མ་བྱན་བྱས་པས། ཁོང་ལ་ཟླ་རེར་གླ་ཆ་སྒོར་3000ཡོད། གཞན་ཡང་། ལོ་ལྟར་ལོ་མཇུག་ཏུ་ཐོབ་ཆ་སྒོར་1000ཙམ་རག་གི་ཡོད། གནད་ཚུལ་དེ་དག་དྲན་རིམ་བཞིན་སྡུག་རུས་ཆེ་བའི་ཕོ་གཞོན་དེའི་མིག་མཆི་མས་ཁེངས།

    གོམ་སྟབས་རྗེས་མར་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་མུ་མཐུད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ཞིང་འབྲོག་པ་སྣེ་འཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།