དབུ་ཤོག>ཆེད་སྒྲིག
  • འབྱོར་འབྲིང་ལམ་བུའི་ཐོག་འོ་མའི་དྲི་བསུང་ལྷང་ལྷང་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-07-07

    སྔོ་ཐིང་ཐིང་གི་སྤང་རྩྭའི་དྲི་ཞིམ་འཐུལ་བ་དང་། དྭངས་གཙང་གི་ཆུ་མིག་གིས་མིག་དབང་འཕྲོག་པ། རི་ལྡེབས་སུ་འབྲི་གཡག་རྩྭ་བཟའ་བཞིན་མཆིས། དེ་ག་ནས་སེམས་ཅན་དང་རང་བྱུང་ཁམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་པ་དང་དེ་གར་འབྱོར་འབྲིང་ལམ་བུ་རིམ་གྱིས་གཏོད་བཞིན་ཡོད།

    དེ་གར་ནི་དཔལ་མགོན་རྫོང་ཉི་མ་ཤང་འུར་ཆེན་གྲོང་ཚོའི་གྲོང་མི་པ་ལྷའི་ཁྱིམ་ཚང་གི་འབྲོག་ར་ཡིན་པ་རེད། འབྲོག་རའི་སྦྱིན་བདག་པ་ལྷ་ནི་ལོ་བདུན་ཅུ་ཙམ་ལ་སླེབས་པའི་བགྲེས་སོང་ཞིག་ཡིན་པ་དང་ཁོང་གི་ཅུང་སྨུག་པའི་ངོ་གདོང་ནས་རྟག་ཏུ་ངོ་ཚ་སྨིན་པའི་རྣམ་པ་ཞིག་མངོན་གྱི་ཡོད། ལོ་5ཡི་གོང་པ་ལྷས་ཁྱིམ་ཚང་གི་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།

    “དེ་སྔ་ཁྱིམ་ཚང་ནང་ནོར་ལུག་མང་མོད། འོན་ཀྱང་རྩྭ་ཐང་གི་རྒྱ་ཁྱོན་ཆུང་བས་དགུན་དཔྱིད་ཀྱི་དུས་སུ་སྒོར་ལྔ་སྟོང་དྲུག་སྟོང་གི་གཟན་རྩྭས་འདང་གི་མེད་སྟབས་ནོར་ལུག་ཤ་ཤེད་སྐྱོ་རུ་འགྲོ་བ་དང་ཤི་བ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་གྱི་ཡོད”དེ་ནི་པ་ལྷའི་ཁྱིམ་ཚང་གཅིག་པུར་འཕྲད་པའི་དཀའ་ངལ་ཙམ་ཞིག་མ་ཡིན་པར་ཉི་མ་ཤང་དང་ཐ་ན་དཔལ་མགོན་རྫོང་གི་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་ཡོངས་ཁྱབ་ངང་གནས་པའི་གནད་དོན་ཞིག་རེད། ལོ་མང་གོང་ཉི་མ་ཤང་གིས“སྲོལ་རྒྱུན་གྱི་གནམ་ཆུ་སྒུག་ནས་ཕྱུགས་རིགས་འཚོ་བའི་ཐབས་ལམ་རྐྱང་པའི”ཕྱུགས་རིགས་འཚོ་སྟངས་སྤྱོད་ཀྱི་ཡོད་པས་ཕྱུགས་རིགས་མང་རུང་རྩྭ་རའི་རྒྱ་ཁྱོན་ཆུང་བ་དང་། ཕྱུགས་རིགས་ཉུང་བའི་སར་རྩྭ་རའི་རྒྱ་ཁྱོན་དེ་བས་ཆུང་བ། ནོར་ལུག་གི་གྱོང་གུན་གསབ་ཐབས་བྲལ་བ་བཅས་དང་དཔལ་འབྱོར་གྱི་ཕན་འབྲས་མི་ཐོན་པའི་ཁར་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ནས་ཇེ་སྡུག་ཇེ་ཞན་དུ་འགྲོ་བའི་རྣམ་པ་ཐོན་ཏེ་འཚོ་བ་ཇེ་ཞན་དུ་འགྲོ་གི་ཡོད་པ་རེད།

    དགུན་དཔྱིད་ཀྱི་དུས་སུ་གཟན་རྩྭ་མི་འདང་བ་དང་། ཕྱུགས་རིགས་ཤི་ཚད་མཐོ་བ། འོ་མའི་ཐོན་འབབ་དམའ་བ། ཡོང་འབབ་དམའ་བ་སོགས་ཀྱི་དཀའ་གནད་ལས་ཇི་ལྟར་སྒྲོལ་ཐུབ་པ་བྱེད་པའི་ཐད་པ་ལྷར་དཀའ་ངལ་མང་པོ་འཕྲད་ཡོད།

    “སྐལ་རྡོར་ལགས་ཁྱེད་རང་དང་སྐད་ཆ་ཞིག་བྱེད་རྒྱུ་ཡོད། ང་ཚོ་ཁྱིམ་ཚང་གཉིས་ཀྱི་རྩྭ་ར་ཟླ་སྒྲིལ་བཏང་ན་ཡོང་བ་འདུག་གམ”2015ལོའི་དཔྱིད་ཀར་སླར་ཡང་གྱོང་གུན་ཆེན་པོ་ཞིག་ཕོག་ལ་ཉེ་བའི་སྐབས་པ་ལྷས་གྲོང་པའི་ཁྱིམ་གྱི་སྒོ་རྡུང་ནས་རེ་བ་དེ་ལྟར་བཏོན།

    སྐལ་རྡོར་གྱི་ཁྱིམ་ལ་ལུག་ཁ་ཤས་མ་གཏོགས་འབྲི་གཡག་མེད་པ་དང་རྩྭ་རའི་རྒྱ་ཁྱོན་མུའུ་667.48ཡོད་པ་དང་པ་ལྷའི་ཁྱིམ་ལ་འབྲི་གཡག་མགོ་གྲངས་50ལྷག་ཙམ་དང་ལུག་100ལྷག་ཙམ་ཡོད་རུང་རྩྭ་རའི་རྒྱ་ཁྱོན་མུའུ་1887ལས་མེད། པ་ལྷའི་ཁྱིམ་གྱི་རྩྭ་རའི་ཐོག་འབྲི་གཡག་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་པས་རྩྭ་ཕྱུགས་དོ་སྙོམས་མེད་པའི་རྣམ་པ་ཐོན་ནས་རྩྭའི་སྤུས་ཚད་ལོ་རེ་བཞིན་ཞན་དུ་འགྲོ་གི་ཡོད།

    སྐལ་རྡོར་གྱིས་ཁྱིམ་དུ་ལོག་ནས་རྩིས་ཞིག་རྒྱག་སྐབས་རྩྭ་ར་བོགས་མར་བཏང་ཚེ་མུའུ་1ལ་ལོ་རེར་སྒོར་2རེ་བྱས་ཚེ་མུའུ་667.48ལ་སྒོར་1500ཙམ་རག་པ་དང་། འབྲོག་རར་གླ་པ་རྒྱུགས་པར་ཉིན་རེར་སྒོར་100ནས་150བར་ཡོང་གི་ཡོད། ལོ་ལྟར་དགུན་དུས་བཤས་གཏོང་བའི་སྐབས་ནོར་ལུག་གི་ཤ་བཙོངས་པ་ལས་ཐོབ་ཆ་སྒོར་5000ནས་སྒོར་10000བར་ཡོང་གི་ཡོད་པ་ལས་ལོ་གཅིག་ལ་རྣམ་གྲངས་ཁག་3པོ་ལས་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་ཡོད་པ་རེད།

    དེ་ལྟར་བྱས་ཚེ་ཡག་པོ་ཡོད་པས་ཁོང་གཉིས་ཀྱིས་རྩྭ་ར་ནང་བཤུག་གཏོང་བའི་གན་རྒྱ་བཞག་པ་རེད།

    དེ་རྗེས་ད་དུང་ཟླ་རྡོར་དང་། འབྲུག་ནོར། བསོད་སྒྲོན། ཚེ་སྒྲོན། ཆོས་གཡང་། ཚེ་རིང་ཕུན་ཚོགས། ཀུན་དགའ་ཡེ་ཤེས་སོགས་འབྲོག་དུད་བདུན་ལའང་ཕྱུགས་རིགས་ཉུང་བ་དང་རྩྭ་རའི་རྒྱ་ཁྱོན་བལྟོས་ཆས་ཀྱིས་ཆེ་བ་ཡོད་པས་པ་ལྷ་དང་ལེགས་ཆ་གསབ་རེས་བྱས་པ་རེད།

    གློ་བུར་དུ་བྱུང་བའི་གོ་སྐབས་ཤིག་ལས་པ་ལྷས་སྤུས་ཀ་ལེགས་ལ་གྲང་འགོག་ནས་ཀྱི་གཟན་རྩྭ་བཏབ་ཚེ་དགུན་དཔྱིད་དུས་སུ་ནོར་ལུག་ལ་གཟན་རྩྭ་མི་འདང་བའི་གནོན་ཤུགས་ཆུང་དུ་འགྲོ་གི་ཡོད་པ་ཤེས་རྗེས་ཁོང་གིས་ཚོད་ལྟ་བྱ་རྩིས་བྱས། དཔལ་མགོན་རྫོང་ཚན་རྩལ་ཅུས་ཀྱི་སྒྲིག་འཛུགས་འོག་པ་ལྷ་མཚོ་སྔོན་དུ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་ཕྱུགས་རིགས་རྒྱགས་གསོའི་ལག་རྩལ་སྦྱོང་བར་སྐྱོད། ཉིན་14གསོ་སྦྱོང་བྱས་པ་བརྒྱུད་ཁོང་གིས་ཇི་ལྟར་བྱས་ཏེ་ས་མཐོར་གཟན་རྩྭ་འདེབས་པའི་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། ད་དུང་ཚན་རིག་ལ་བརྟེན་ནས་གཟན་ཆགས་གསབ་ཚེ་འབྲོག་ལས་ལ་སྤུས་མཐོ་དང་ཕན་འཕར་ཡོང་ཐུབ་པའང་ཤེས་རྟོགས་ཐུབ་ཡོད་པ་རེད།

    2015ལོའི་ཟླ་6ཚེས་15ཉིན།“དཔལ་མགོན་རྫོང་ཉི་མ་ཤང་འུར་ཆེན་གྲོང་ཚོའི་གྲང་འགོག་འབྲི་གཡག་སྣོད་བཅུད་ཁྱིམ་ཚང་འབྲོག་ར”ཞེས་བྲིས་པའི་བྱང་བུ་ཞིག་པ་ལྷའི་ཁྱིམ་གྱི་འགྲམ་དུ་བཀལ་ཡོད་པ་རེད། པ་ལྷས་རྩྭ་ར་མུའུ་3895.28ནང་བཤུག་བཏང་ནས་འབྲི་གཡག་རྒྱགས་གསོ་དང་དཀར་ཆུའི་ཐོན་ལས་ལས་སྣོན་དང་ཕྱིར་ཚོང་གཞི་གཅིག་ཅན་གྱི་ཁྱིམ་ཚང་འབྲོག་ར་ཞིག་བཙུགས་པ་དེ་རང་སྐྱོང་ལྗོངས་ཀྱི་དེང་རབས་ཅན་གྱི་སྣོད་བཅུད་ཁྱིམ་ཚང་འབྲོག་ར་དང་པོ་དེའང་རེད།

    པ་ལྷའི་ནང་མི་ཚོས་ཛ་དྲག་ངང་འབྲོག་ར་གསར་པ་འཛུགས་རྒྱུའི་གྲ་སྒྲིག་བྱེད་སྐབས་དཔལ་མགོན་རྫོང་གི་དམངས་ཕན་སྲིད་ཇུས་ཀྱང་སྔ་རྗེས་སུ་དོན་འཁྱོལ་ཐུབ་ཡོད། 2015ལོའི་ཟླ་8པར་དཔལ་མགོན་རྫོང་གིས་འབྲོག་ལས་སྒྱུར་བཅོས་ཀྱི་འགྲོ་གྲོན་ཁྲོད་ནས་སྒོར་ཁྲི་12བཏང་སྟེ་པ་ལྷའི་ཁྱིམ་ཚང་འབྲོག་རར་སྨི་ངོས་གྲུ་200ཡོད་པའི་ལྷས་ར་བརྒྱབ་པ་དང་། 2016ལོའི་ཟླ་7པར་དཔལ་མགོན་རྫོང་གིས་པ་ལྷའི་ཁྱིམ་ཚང་འབྲོག་རར་མ་དངུལ་སྒོར་ཁྲི་6.5བཏང་ནས་དྲོད་ལྡན་ཁྲོན་པ(བདེ་འཇགས་འཐུང་ཆའི་ལས་གྲྭ)བརྒྱབ་པ་མ་ཟད་སྤྱོད་འགོའང་ཚུགས་པ་རེད།

    “ཕྱུགས་རིགས་གསོ་ཚགས་ཐད་ལའང་ལེགས་བཅོས་གསར་པ་བྱུང་ནས་ཕྱུགས་རིགས་ཀྱི་ལོ་གྲངས་གཞིར་བཟུང་ཁག་དབྱེ་སྟེ་གསོ་ཚགས་བྱེད་པ+‘དྲུག་བྱས་པ་གཉིས’ཀྱི་ལམ་ལུགས་གཞིར་བཟུང་། ཆུ་ཚོད་དྲུག་གཟན་རྩྭ་གཏེར་བ་དང་ཆུ་ཚོད་དྲུག་རང་བྱུང་གཟན་རྩྭར་བརྟེན་ནས་གསོ་ཚགས་བྱས་ཡོད། དེ་ལྟར་བྱས་པ་ལས་འབྲི་གཡག་བཤས་གཏོང་བའི་དུས་ཚོད་ཐུང་དུ་ཕྱིན་པ་དང་སྦྲགས་རྩྭ་རའི་སྣོད་བཅུད་དོ་སྙོམས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པ་མ་ཟད། འོ་མའི་ཐོན་འབབ་ཀྱང་མང་དུ་ཕྱིན། དེ་སྔ་དང་བསྡུར་ན་འབྲི་གཡག་བཤས་གཏོང་བའི་དུས་ཚོད་ལོ་གཅིག་ཙམ་ཐུང་དུ་ཕྱིན་ཡོད། ད་ཆ་འབྲི་རེ་ནས་ཉིན་རེར་འོ་མ་རྒྱ་མ་2ནས་2.5བར་མང་དུ་ཕྱིན་པ་མ་ཟད་འོ་མའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་འདུག”ཅེས་པ་ལྷས་གསར་འགོད་པར་ངོ་སྤྲོད་བྱས།

    “ཁྱིམ་ཚང་གི་འབྲོག་ར་འདི་ཉིད་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་རྩྭ་ར་ནང་བཤུག་གཏོང་བའི་རྨང་གཞིའི་ཐོག་ཕྱུགས་རིགས་མེད་པའི་དུད་ཚང་གི་རྩྭ་ར་འབྲོག་རར་ནང་བཤུག་བཏང་ཚེ་རྩྭ་ར་ལེགས་སུ་འགྲོ་ཐུབ་པ་དང་ཡོང་འབབ་མང་དུ་འགྲོ་བ་མ་ཟད། ད་དུང་ཁྱིམ་ཚང་གི་འབྲོག་ལས་དེང་རབས་འབྲོག་ལས་ཀྱི་ཕྱོགས་སུ་རིམ་སྤོར་དང་རྩྭ་ཕྱུགས་དོ་སྙོམས་ཀྱང་ཡོང་ཐུབ། དེའི་ཐད་ནས་བརྗོད་ཚེ་པ་ལྷའི་ཁྱིམ་ཚང་གི་འབྲོག་ར་ནི་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་རེད”ཅེས་དཔལ་མགོན་རྫོང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཀུང་ཁྲེང་ཆའོ་ཡིས་བཤད།

    ལྟ་བར་འགྱུར་ལྡོག་བཏང་ཚེ་ཐབས་ལམ་ཡངས་བར་གྱུར། པ་ལྷས་བློ་ཁོག་ཆེན་པོས་རང་འགུལ་ངང་ཚོད་ལྟ་བྱས་ཏེ་འབྲོག་ལས་ཕྱོགས་སྒྱུར་གྱི་ལམ་བུར་མདུན་གྲལ་དུ་སྐྱོད་ཡོད། ད་ཆ་པ་ལྷའི་ཁྱིམ་ཚང་འབྲོག་རའི་ཡོང་འབབ་མཆོང་སྐྱོད་ལྟ་བུའི་འཕར་སྣོན་བྱུང་བ་མ་ཟད། ད་དུང་འབྲོག་རའི་སྣོད་བཅུད་དོ་སྙོམས་ལ་སྲུང་སྐྱོབ་གང་ལེགས་ཐུབ་ནས་རྩྭ་ཕྱུགས་དང་གསོ་ཚགས་གཞི་གཅིག་ཅན་གྱི་འཁོར་རྒྱུག་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་མངོན་འགྱུར་བྱུང་སྟེ་འབྲོག་ཁུལ་འཕེལ་རྒྱས་དང་། འབྲོག་ལས་ཕན་འཕར། འབྲོག་པར་འབབ་འཕར་བཅས་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད། པ་ལྷའི་ཁྱིམ་ཚང་འབྲོག་རས་དཔེ་སྟོན་ནུས་པ་བཏོན་པ་ལས་དཔལ་མགོན་རྫོང་དུ་ཁྱིམ་ཚང་འབྲོག་ར་27གསར་དུ་ཐོ་འགོད་བྱས་ཏེ་མི་134སྐུལ་ཁྲིད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།