ཉེ་ཆར། ནོར་སྲིད་པུས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་ནོར་སྲིད་ཐིང(ཅུས)དང་ལྟ་འདོམས་ཅུས་ཀྱིས《ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་ལྟ་འདོམས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་དབུལ་སྐྱོར་མ་དངུལ་གྱི་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་འབྲེལ་བླང་བྱ་ཁ་གསལ་ཡང་བཏོན་པ་རེད།
ནོར་སྲིད་པུས། ས་གནས་ཁག་ལ་མིང་སྦྱར་ལྟ་སྐུལ་བྱ་ཡུལ་ས་ཁུལ་གྱིས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི“མཁྲེགས་ས”གཏོར་དགོས་པའི་བླང་བྱ་བཏོན་ཡོད། ལས་དོན་གཙོ་བོའི་གྲས་སུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱེད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྟ་འདོམས་ལག་བསྟར་བྱེད་པ། རིམས་ནད་ཀྱིས་དབུལ་སྒྲོལ་ལས་དོན་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚད་མཐོའི་དོ་ཁུར་དང་རྗེས་སྙེག་དམ་ཟབ་བྱེད་པ། དམིགས་སའི་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་འདོན་པ་བཅས་བྱས་ཏེ་རིམས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་རང་ལོག་མི་ཡོང་བ་བྱེད་དགོས་པ་དང་། ནོར་སྲིད་དབུལ་སྐྱོར་མ་དངུལ་འགུལ་རྣམ་གྱི་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ཀྱི་ཆ་འཕྲིན་ཅན་བྱེད་ཐབས་གང་ལེགས་སྤྱད་དེ་དབུལ་སྐྱོར་མ་དངུལ་གྱི་རྒྱུན་གཏན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས་པ། དབུལ་སྐྱོར་མ་དངུལ་གྱི་ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དབུལ་སྐྱོར་མ་དངུལ་གྱི་བཀོལ་སྤྱོད་ཕན་འབྲས་ཆེ་རུ་བཏང་སྟེ་དངུལ་འབོར་མང་བ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་མང་བ། རྒྱུན་གཏན་གྱི་ལྟ་འདོམས་གནད་དོན་མང་བ་བཅས་ཀྱི་དབུལ་སྐྱོར་མ་དངུལ་ལ་གཙོ་གནད་ཐོག་ལས་རྗེས་གདེང་འཇོག་བྱས་ནས་གནད་དོན་ཡོད་པ་ཤེས་མ་ཐག་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་བཅས་ཚུད་ཡོད།
ནོར་སྲིད་པུས། ནོར་དཔལ་གྱི་སྒྲིག་ཁྲིམས་ལས་འགལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ལ་རྩད་ཞིབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དབུལ་སྐྱོར་མ་དངུལ་རྫུན་ཞུ་ཧམ་ལེན་དང་། ཧམ་བཟུང་སྒེར་སྤྱོད། བེད་མེད་དུ་སྐྱུར་བ་དང་འཕྲོ་བརླག་གཏོང་བ། འགན་འཛོལ་ཤོར་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་སོགས་ཀྱི་བྱ་སྤྱོད་ལ་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་གཏོང་རྒྱུ་དང་། དབུལ་སྒྲོལ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐེར་འདོན་བྱས་མ་ཐག་རྩད་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པའི་ནན་བཤད་བྱས་ཡོད།