དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་ཁྲོད། སྒེར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི་དང་། ལོ་གསུམ་བྱ་སྤྱོད་ཀྱི་ལག་བསྟར་བསམ་འཆར་སོགས་ཆེད་དོན་ཇུས་གཞི་3དང་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་ཇུས་གཞི་སྤྱི་འདོམས་བསྡུ་སྒྲིལ་སོགས་ཆེད་དོན་ལོ་འཁོར་གྱི་ཇུས་གཞིའི་འཆར་གཞི་13བཟོས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་པ་རེད།
བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡོད་པས་སྒེར་རྩེ་རྫོང་གིས་འཕྲལ་མར་བྱ་སྤྱོད་སྤེལ་བ་རེད།
——མ་དངུལ་སྒོར་དུང་ཕྱུར་2.6བཏང་ནས་དབུལ་སྐྱོར་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་འབྲི་གཡག་གསོ་ཚགས་རྟེན་གཞི་སོགས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་14བསྐྲུན་པ་དང་། “ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་འབྲེལ”གྱིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་37སྐྱེད་སྲིང་དང་སྟོབས་ཆེར་བཏང་བར་ཁེ་སྤོགས་སྒོར་ཁྲི་354.82བྱུང་ཡོད། 2016ལོ་ནས་བཟུང་ཐོན་ལས་ལས་མང་ཚོགས་དབུལ་པོ་6504ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
—— མ་དངུལ་སྒོར་ཁྲི་2497.62བཏང་ནས་ཕུགས་འདུན་སྡོད་ཁང་གསར་པའི་བཀོད་སྒྲིག་བྱ་ཡུལ་བསྐྲུན་ཏེ། མང་ཚོགས་དབུལ་པོ་དུད་ཚང་44ཡི་མི་199གནས་སྤོས་བཀོད་སྒྲིག་བྱས་པར་ལེ་ལག་ཚང་བའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2ལག་ལེན་བསྟར་བས། གནས་སྤོས་མང་ཚོགས་ཚང་མ་ལས་ཞུགས་ཐུབ་པ་དང་ཁེ་སྤོགས་བགོ་འགྲེམས་ཐོབ་པ་དང་མང་ཚོགས་ཁག་གཅིག་གིས་ཇ་ཁང་དང་རླངས་འཁོར་བཀྲུ་ས་བཙུགས་པ་བརྒྱུད་ཟླ་རེར་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པ་རེད།
—— 2019ལོར་སྣོད་བཅུད་ལས་གནས་7427དོན་འཁྱོལ་བྱས་པ་དང་། 2016ལོ་ནས་བཟུང་རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་ཁྲི་9455.2སྤྲད་པ་རེད།
—— སློབ་གསོའི“འགན་ལེན་གསུམ”དང་ལོ་བཅོ་ལྔའི་རིན་མེད་སློབ་གསོ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་མི་ཐེངས་220ལ་རོགས་དངུལ་སྒོར་ཁྲི་144.65སྤྲད་ཡོད།
—— 2016ལོ་ནས་བཟུང་། རིམ་རྩིས་བྱས་ན་མི་ཐེངས་7324ལ་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་1069.74སྤྲད་པ་དང་། “འགན་ལེན་ལྔའི་རྒན་རྒོན”104དང་དྭ་ཕྲུག་55གཅིག་སྡུད་བསྙེན་བཀུར་བྱས་པ། དུད་ཚང་1957གྱི་མི་7833དང་ཁྱིམ་ཚང་སྨན་པའི་ཞབས་ཞུའི་གན་རྒྱ་བཞག་པ། མི་139ལ་ནད་ཆེན་གཅིག་སྡུད་རོགས་སྐྱོབ་བྱས་པ་རེད།
—— ཞིང་འབྲོག་པ་གསོ་སྦྱོང་དུས་ཐེངས་87དང་མི་ཐེངས་3057བྱས་པར་མི་ཐེངས་5277ལས་ཞུགས་གཞན་སྒྱུར་ཐུབ་པ་དང་དེའི་ནང་གི་མི་འབོར་དབུལ་པོ་མི་ཐེངས་2318ལ་ངལ་ནུས་ཡོང་འབབ་སྒོར་ཁྲི་6040བྱུང་བ་རེད།
—— “ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར”དང་། “རྫོང་ཐད་གཏོགས་སྡེ་ཚན་གྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར”སོགས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ལས་བྱེད་པས་དུད་ཚང་དབུལ་པོ་1957གྱི་མི་7833ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད། 2016ལོ་ནས་བཟུང་རིམ་རྩིས་བྱས་ན། རོགས་སྐྱོར་མ་དངུལ་སྒོར་ཁྲི་390.35བཏང་ནས་རོགས་སྐྱོར་རྣམ་གྲངས་20ལག་བསྟར་བྱས་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་305ལེགས་སྒྲིག་བྱས་པ། རོགས་སྐྱོར་བྱེད་ཐབས་569བཟོས་པ། བྱ་བ་དངོས་206བསྒྲུབས་པ་རེད།
—— ཆུ་གློག་ལམ་འཕྲིན་དྲ་བ་དང་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། འགན་བཅོལ་བཅས་ཀྱི“མཐོར་གཏོང་འདུ་འགོད་ཁག་བཅུ”ལག་བསྟར་ཤུགས་ཆེན་བྱས་ཏེ། ཁྱིམ་སྤྱོད་འོད་ཤུགས་གློག་ཁུངས་1501སྤྲད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་39ཡི་ལམ་ཐག་སྤྱི་ལེ་1542.22དང་། བུ་བཅོལ་ཁང་10 བདེ་འཇགས་འཐུང་ཆུའི་ས་ཚིགས་317 འཕྲོད་བསྟེན་ཁང་49བཅས་གསར་སྐྲུན་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། གྲོང་ཚོ་ཚང་མར་མཁྲེགས་འགྱུར་ལམ་མམ་ཡང་ན་བྱེ་རྡོའི་ལམ་ཤར་གཏོང་ཐུབ་པ་དང་། ཚོགས་ཆུང་ཚང་མར་འཐུང་ཆུ་གཙང་མ་ཡོད་པ། དུད་ཚང་ཚང་མར་གློག་སྤྱོད་རྒྱུ་ཡོད་པ། དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ནས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བ་རེད།
—— ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རྩྭ་ར་དང་ཕྱུགས་རིགས་བརྒྱུད་བཤུག་ལ་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་རྩྭ་ར་བརྒྱུད་བཤུག་ཁྱོན་མུའུ་ཁྲི་306བཏང་བ་དང་དུད་ཚང་རེར་ལོ་རེར་བརྒྱུད་བཤུག་ཡོང་འབབ་སྒོར་1145ཟིན་གྱི་ཡོད། ལོ་ལྟར་ཕྱུགས་རིགས་བཤས་གཏོང་བ་དང་འབྲོག་ལས་ཐོན་རྫས་ཀྱི་ཡོང་འབབ་སྒོར་7000ཡན་ཟིན་གྱི་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་འབྲོག་ཁུལ་སྒྱུར་བཅོས་གྲོང་ཚོ(གྲོང་ལྷན)32ལ་ཁྱབ་པ་དང་དེའི་ནང་མང་ཚོགས་11273ཞུགས་ཡོད་པ་རེད།
—— དབུལ་སྐྱོར་ཐོན་ལས་རྣམ་གྲངས་14ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.6བཏང་ནས་གསོ་ཚགས་དང་། འདེབས་འཛུགས། ལས་སྣོན། ཟོག་འགྲེམས། མཛོད་ཉར། ཕྱིར་ཚོང་བཅས་གཞི་གཅིག་ཏུ་བསྒྲིལ་བའི་ཐོན་ལས་ཆེན་པོའི་རྣམ་པ་ཞིག་ཆགས་ཡོད། རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཚང་མར་ཕན་པ་ཐོབ་པ་དང་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་1000ཡན་བྱུང་ཡོད། 2016ལོ་ཚུན་དུ་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་མི་2671དབུལ་སྒྲོལ་ཐུབ་པ་རེད།