དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཞུགས་ཚད་མང་དུ་གཏོང་བ། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱ་ཆེད། བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གིས་སྔར་ཡོད་མཉམ་ལས་ཁང་གི་རྨང་གཞིའི་ཐོག་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་སྔར་བས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད། 2019ལོའི་ཟླ་5ཚེས་16ཉིན། བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་བཙུགས་པ་མ་ཟད། དེ་ཉིད་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་ཐུབ་པའི་སྒུལ་ཤུགས་གསར་པར་གྱུར་པ་བྱས་པ་རེད།
མཉམ་ལས་མཉམ་འབྲེལ་ཁང་།
ཕྱོགས་རྐྱང་པ་ནས་ཚོགས་སྒྲིག་རྣམ་པར་འཕེལ་རྒྱས་བྱུང་བ།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ནི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་45ཙམ་ཡོད་པའི་སར་ཆགས་ཤིང་། ཞིང་ལས་སྐྱེ་དངོས་གཙོ་བོ་ནས་དང་པད་ཁ་ཡིན་པ་རེད།
2018ལོར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་པའི་རྣམ་གྲངས་ལག་བསྟར་བྱས་ཏེ། ཤང་ཧྲིལ་པོའི་ས་ཞིང་མུའུ་3000ལྷག་ཙམ་ཚང་མ་ཁོད་སྙོམས་ནས་ཞིང་ལས་འཕྲུལ་ཆས་ཅན་ཐོན་སྐྱེད་བྱ་རྒྱུར་འཚམ་པ་བྱས་ཡོད། གོ་སྐབས་དེར་དམིགས་ནས་ལྕགས་འདམ་ཤང་ཏང་ཨུད་འགོ་ཁྲིད་ཚན་ཁག་གིས་དཔལ་ཡོན་ཞིང་ལས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་གྲ་རྒྱས་མི་རིགས་ལག་ཤེས་བཟོ་ལས་ཆེད་ལས་མཉམ་ལས་ཁང་། པད་མ་གཟིམ་ཕུག་ཞིང་ཞོར་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཅས་ཟླ་སྒྲིལ་བཏང་སྟེ། མཉམ་ལས་མཉམ་འབྲེལ་ཁང་བཙུགས་པ་དང་ལས་སྒོའི་ཁྱབ་ཁོངས་ནང་གཙོ་བོ་ཞིང་ལས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དང་། བརྔ་བསྡུ། འཚོ་བའི་གད་སྙིགས་རིགས་དབྱེ་དང་བསྡུ་ཉར་སོགས་རྣམ་གྲངས་བཅུ་ལྷག་ཙམ་ཚུད་ཡོད་པ་རེད།
“མཉམ་ལས་མཉམ་འབྲེལ་ཁང་བཙུགས་པར་བརྟེན་སྲོལ་རྒྱུན་གྱི་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་ཐབས་ལ་འགྱུར་ལྡོག་ཕྱིན་པ་དང་། ལེགས་ཆ་གསབ་རེས་དང་ཕན་ཚུན་རོགས་རེས་ཀྱི་འཕེལ་རྒྱས་ལམ་སྲོལ་ཆགས་ནས་ཕྱོགས་རྐྱང་པའི་མཉམ་ལས་ཁང་གི་འཕེལ་རྒྱས་བརྒྱུད་རིམ་ནང་གཞི་ཁྱོན་ཆུང་བ་དང་ཐོན་ལས་འཁོར་སྦྲེལ་ཐུང་བ། གཉེར་སྐྱོང་རིམ་པ་དམའ་བ། འགྲན་རྩོད་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སོང”ཞེས་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
གནས་སྤོས་དུད་ཚང་།
“དུད་ཚང་དབུལ་པོ”ནས“བདེ་སྐྱིད་ལྡན་པའི་ཁྱིམ་ཚང”དུ་གྱུར་པ།
2017ལོའི་ལོ་མཇུག་ཏུ་མགར་ཚང་གྲོང་ཚོའི་ལོ་54ལ་སླེབས་པའི་སྤེན་པ་རི་གྲོང་གི་སོ་ཕག་ཁང་པ་རྙིང་པ་ནས“འོད་ཤུགས་གྲོང་རྡལ”གྱི་ཡངས་ཤིང་དཀར་ཆ་དོད་པའི་ཐོག་བརྩེགས་ཅན་གྱི་སྡོད་ཁང་ནང་སྤོས་པ་རེད། ཁང་པ་གསར་པའི་ནང་གི་འབོལ་གདན་ཐོག་བསྡད་པའི་སྤེན་པའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག
ཡུལ་ཕྱོགས་གཅིག་གིས་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་ཐུབ་པ་དང་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་ཆེད། ལྕགས་འདམ་ཤང་གིས་ངལ་ནུས་མཉམ་ལས་ཁང་བཙུགས་ནས་ལས་ཞུགས་ཀྱི་འཇོན་ཐང་ལྡན་པའི་མང་ཚོགས་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱས་པ་རེད།
ལས་ལ་བརྩོན་པའི་སྤེན་པ་ནི་མཉམ་ལས་མཉམ་འབྲེལ་ཁང་སྣོད་བཅུད་མཉམ་ལས་ཁང་གི་ལས་དོན་མི་སྣ་ཡིན་པ་དང་། དུས་རྒྱུན“འོད་ཤུགས་གྲོང་རྡལ”གྱི་འཚོ་བའི་གད་སྙིགས་དབོར་བ་དང་གད་སྙིགས་རིགས་དབྱེའི་ལས་ཀ་བྱེད་ཀྱི་ཡོད། “ད་ཆ་ང་ལ་ཟླ་རེར་གླ་ཆ་སྒོར་4500ལེན་རྒྱུ་ཡོད་པ་དང་བུ་མོས་ཀྱང་ཉེ་འགྲམ་དུ་བོད་ཟས་ཁང་ཞིག་བཙུགས་ཡོད་པས་ཁྱིམ་ཚང་གི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་ད་ཆའི་འཚོ་བའི་སྐོར་གླེང་ཞོར་དུ་ཁོང་གིས་ང་ཚོར་ལས་ཀའི་ལག་ཁྱེར་བསྟན་བྱུང་།
གནས་སྤོས་མང་ཚོགས་ལ་ལས་ཀ་ཡོད་པ་དང་། ལས་ཞུགས་ཐུབ་པ། དངུལ་གསོག་ཐུབ་པ་བཅས་བྱ་ཆེད། བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་བསྡུར་ཚད་མཐོ་བའི་ནུས་རྒྱུ་གཙང་མའི་དཔེ་སྟོན་གྲོང་ཁྱེར་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས། “འོད་ཤུགས་གྲོང་རྡལ”གྱི་ལྷོ་ངོས་སུ་ས་བཟུང་རྒྱ་ཁྱོན་ལ་མུའུ་ཁྲི་6.5ཟིན་པའི“འོད་ཤུགས+སྣོད་བཅུད་སྒྲིག་བཀོད་ཞིང་ལས”ཐོན་ལས་དབུལ་སྐྱོར་གྱི་དཔེ་སྟོན་གླིང་ཁུལ་བསྐྲུན་ཏེ། ས་གནས་དེ་གའི་ཞིང་འབྲོག་པའི་འབབ་འཕར་ཆེད་ཐབས་ལམ་གསར་པ་བཏོད་པ་རེད།
གཅིག་སྡུད་གསོ་ཚགས།
ཕ་ཡུལ་མཛེས་སྡུག་ལྡན་ཞིང་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར།
ཞོགས་པའི་ཆུ་ཚོད་10པ་ཙམ་ལ་ལྕགས་འདམ་ཤང་སྣུམ་རི་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་དང་གྲོང་མི་ཁ་ཤས་ཀྱིས་ལུག་59བླུགས་པའི་ཐོ་ཕྲུག་བཏང་ནས་མཉམ་ལས་མཉམ་འབྲེལ་ཁང་གི་ཇོ་རིའི་ལུག་གསོ་ཚགས་མཉམ་ལས་ཁང་དུ་བསྐྱོད་པ་རེད། ཁོང་ཚོས་ཁྱིམ་ཚང་གི་ལུག་དང་ར་མ་རྐང་དུ་བྱས་ནས་མཉམ་ལས་ཁང་ནང་ཞུགས་པ་རེད།
ལུག་ཚོང་ཟོག་ཏུ་བསྒྱུར་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་ཞིང་འབྲོག་པའི་དངུལ་སྨར་ཡོང་འབབ་མང་དུ་གཏོང་ཆེད། བསམ་གྲུབ་རྩེ་ཆུས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་1200བཏང་བའི་ཇོ་རིའི་ལུག་དུས་ཐུང་རྒྱགས་གསོའི་རྣམ་གྲངས་ལྕགས་འདམ་ཤང་དུ་སྤེལ་བའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཤང་དུ་ཇོ་རིའི་ལུག་གསོ་ཚགས་མཉམ་ལས་ཁང་བཙུགས་པ་རེད། “ཞིང་དུད+མཉམ་ལས་ཁང+ཀུང་སི”བཅས་ཀྱི་ཐབས་ལམ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱི་ལུག་མ་རྐང་ནང་འཇོག་ཤུགས་ཆེ་རུ་བཏང་བ་རེད། མིག་སྔར་ཤང་ཡོངས་སུ་དུས་ཐེངས་དང་པོར་ལུག་མགོ་གྲངས་1530མ་རྐང་ནང་ཞུགས་པའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མཐར་ལུས་དུད་ཚང་དབུལ་པོ། ཏང་ཡོན་དང་གྲོང་ཚོ་ཨུ་ལྷན་གཉིས་བཅས་མ་རྐང་ནང་ཞུགས་ཚད་རྩ་བའི་ཆ་ནས་བརྒྱ་ཆ་བརྒྱ་ཟིན་ཡོད་པ་རེད།
“སྔོན་མ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་ཡང་ཟིན་གྱི་མེད། ད་ཆ་ནོར་ལུག་མཉམ་ལས་ཁང་དུ་བསྐྱལ་ནས་རང་ཉིད་ཕྱིར་གླ་པར་བསྐྱོད་ཆོག་པས། ཟླ་བ་རེ་ལ་སྒོར་སུམ་སྟོང་རག་པར་ཆ་བཞག་ན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གསུམ་དང་དྲུག་སྟོང་ཡོང་གི་འདུག”ཅེས་ལུག་བཅུ་གྲངས་ལས་མེད་པ་དེ་མཉམ་ལས་ཁང་དུ་མ་རྐང་ནང་བཞག་པའི་སྣུམ་རི་གྲོང་ཚོའི་གྲོང་མི་པ་སངས་ཀྱིས་དགའ་ཚོར་ཆེན་པོས་བརྗོད་བྱུང་།